བྱ་ཚིག་གཅིག་གི་རིན་ཐང་།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོའི་རྒྱལ་སྤྱིའི་ཕ་སྐད་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་པའི་སྐད་ཡིག་སྐོར་ལ་བགྲོ་གླེང་ཞིག་ཚོགས་སོང་། འདི་དེ་སྔའི་བཙན་བྱོལ་བོད་གཞུང་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་དུས་ཡུན་རིང་གཞུང་འབྲེལ་ཐོག་ཕ་སྐད་ཉིན་མོ་སྲུང་བརྩི་གནང་བ་ཐོག་མ་དེ་ཡིན། བཤད་སྟངས་གཞན་ཞིག་བྱས་ན། གངས་ཅན་སྐྱིད་གཤོང་ནས་བོད་ཡིག་བོད་སྐད་ལ་གདོང་པ་བསྟན་པ་དང་པོ་ཡིན་ཟེར་ཡང་ཆོག ཕྱོགས་གཅིག་ནས་དགའ་དགོས་པའི་གནས་ཚུལ་གསར་པ་ཞིག་རེད་ལ། ཕྱོགས་གཞན་ཞིག་ནས་ངུ་བྲོ་བའི་ཕྱི་དྲགས་པའི་གནད་དོན་ཚབས་ཆེན་ཞིག་ཀྱང་རེད།

ཕོ་གསར་སྣང་བ་ཅན་སྐོར་ཞིག་གིས་མགོ་ཁྲིད་དེ་འདས་པའི་ལོ་ངོ་བཅུ་གྲངས་སྔོན་ནས་ལོ་ལྟར་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་གཙི་ཞུས་ཡོད། བོད་ཀྱི་སྐད་ཡིག་ཅེས་པའི་ཚགས་པར་ཉམས་ཆུང་ཞིག་ཀྱང་བཏོན་མྱོང་། གོ་ཐོས་སུ་གསར་བུ་དེ་དག་ཐོག་མ་བོད་ནས་འབྱོར་སྐབས་བལ་ཡུལ་སྣེ་ལེན་ཁང་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ཚོགས་པ་དེ་བཙུགས་པར་བཤད། རྒྱ་གར་ནང་ཡོང་སྟེ་སོ་སོའི་གྲོད་འགྲང་གི་མེད་ནའང་། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་གཙི་དང་བོད་ཀྱི་སྐད་ཡིག་ཚགས་པར་རྒྱུན་མཐུད་འདུག དེ་ཡང་སློང་མོ་དང་གཏོང་ཕོད་ཅན་རེ་ཟུང་གི་རྒྱབ་སྐྱོར་ལ་བརྟེན་པ་ལས། གཞུང་དང་སྒྲིག་འཛུགས་སུ་གང་གིས་མཐུན་འགྱུར་གནང་རབས་མ་ཐོས།

བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་བ་གངས་ཅན་སྐྱིད་གཞུང་གི་སྒོ་ཆེན་འགྲམ་དུ་སྦྱར་ཡིག་སྦྱོར་ས་ཆུང་ཆུང་ཞིག་བཟོས་ཡོད། ད་ལྟ་གསལ་བོ་དྲན་གྱི་མི་འདུག་མོད། གང་ལྟར། ལོ་གསུམ་བཞིའི་གོང་ནས་སྦྱར་བྱང་འདི་མཐོང་རྒྱུ་འདུག དེར་དབྱར་ཁའི་ཆར་བ་དང་དགུན་ཁའི་ཙག་རླུང་འགོག་བྱེད་ཀྱི་ཕྱོགས་འདབ་ཆུང་ཆུང་ཞིག་ཀྱང་བཟོས་ཡོད། སྦྱར་བྱང་དེའི་སྟེང་ཟླ་གཅིག་གཉིས་རེའི་མཚམས་སུ་བོད་ནང་གཏན་འབེབས་བྱས་པའི་ཐ་སྙད་གསར་པ་བཅུ་གྲངས་རེ་དང་མཚོན་ལྡན་པར་རིས་བཅས་སྦྱོར་གྱིན་འདུག དེ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་སྲིད་སྐྱོང་དང་། འོག་གངས་སྐྱིད་ལ་ལྟ་སྐོར་དུ་ཡོང་མཁན་སྐུ་མགྲོན་ཡོངས་ཀྱིས་མཐོང་གི་ཡོད།

འོན་ཀྱང་འདས་པའི་ལོ་ཤས་རིང་། བཙན་བྱོལ་ནང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་ཁ་ཤས་སྤེལ་བཞིན་པའི་མཐོང་སྣང་ལས་སེམས་ཁྲལ་གཞན་ཞིག་བྱུང་། སེམས་ཤུགས་དང་ལ་རྒྱ་ཆེན་པོ་འདིའི་ངོགས་ན། ཤེས་ཡོན་དང་བསམ་བློས་འདང་གི་མེད་པའི་སྟོང་ཆ་ཞིག་ཀྱང་མངོན་འདུག བཙན་བྱོལ་ཙམ་མ་རེད་བོད་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་དག་གི་ངོ་བོ་བོད་གཞིས་བྱེས་གཉིས་གཅིག་མཚུངས་རེད། སྐད་ཡིག་སྲུང་སྐྱོབ་སྐོར་ཀྱི་ལས་འགུལ་མང་ཆེ་བ་བོད་ནང་གཏན་འབེབས་བྱས་པའི་གསར་བྱུང་དངོས་པོའི་མིང་བོད་སྐད་དུ་བསྒྱུར་ཡོད་པའི་ཐ་སྙད་གསར་པ་དང་མིང་ཚིག་བློ་འཛིན་འགྲན་བསྡུར་དང་། བོད་པའི་ཐ་སྙད་རྙིང་པ་དག་བཙལ་ནས་ཕ་སྐད་གཙང་མ་བཤད་པར་རྟིང་སྐུལ་བྱེད་པ་སོགས་རེད།

བསམ་བློ་ཞིབ་ཏུ་བཏང་ན། ཕྱོགས་གཅིག་ནས་ཐ་སྙད་གསར་པ་སྦྱངས་ཏེ་རྫོགས་མཐའ་མེད་ལ། ཕྱོགས་གཞན་ཞིག་ནས་ཐ་སྙད་གསར་པ་དེ་དག་གི་འདེགས་གཞིའི་དངོས་པོར་ཡང་འགྱུར་བ་འགྲོ་བཞིན་ཡོད་སྟབས། ཐ་སྙད་གསར་པ་དེ་དག་མང་ཆེ་བས་ལོ་ངོ་བཅུ་གྲངས་རེ་ལས་རང་རྐང་མི་ཐུབ། ཐ་སྙད་རྙིང་པའི་ཁྲོད་ནས་ཀྱང་བོད་ནང་གི་འབྲོག་པའི་ཅ་དངོས་རིགས་བཙན་བྱོལ་ནང་དང་། ལྷག་པར་དུ་ཕྱི་རྒྱལ་དུ་སྡོད་པའི་གཞོན་སྐྱེས་ཚོས་སྦྱོང་ཡང་བེད་སྤྱོད་མེད། དེ་ལས་བྱ་ཚིག་དང་རྒྱན་ཚིག་རེ་གཉིས་ཀྱི་ཚེ་སྲོག་བསྐྱབ་ཐུབ་ན། ཆུང་ས་ནས་སོ་སོའི་བོད་སྐད་དག་གཙང་ཡོང་ཐུབ་པ་མ་ཟད། ཆེ་ས་ནས་བོད་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་གཞི་རྩའང་དེ་ཡིན། བོད་སྐད་ཀྱི་བྱ་ཚིག་དང་རྒྱན་ཚིག་སོགས་ནི་བོད་པའི་ཡུམ་སྐད་ངོ་མ་དེ་ཡིན་ལ། ཡུལ་དུས་དངོས་པོ་གསུམ་གྱི་བསྐལ་དོན་དུ་མི་འགྱུར་བའི་བོད་སྐད་དེའང་ཡིན་ནོ།།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply