སྲིད་སྐྱོང་སུ་ལ་ཐོབ་ཀྱང་རུང་སོ་སོའི་རྒྱབ་སྐྱོར་བ་ཚོར་ཁ་བརྡ་སློབ་གསོ་ཡག་པོ་ཞིག་གནང་རོགས།

 

དྷ་ས་མེག་གྷན་བོད་པའི་ཐང་ཁྲོམ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་བློ་བཟང་བདེ་དབྱངས་ལགས་སུ། ད་ལྟའི་བོད་མིའི་ཐང་ཁྲོམ་གནས་སྟངས་དང་འབྲེལ་སྲིད་སྐྱོང་འོས་མི་གཉིས་ཀྱི་སྐོར་ལ་བཅར་འདྲི་ཞུས།

tibettimes0དྲི་བ། ད་ཆར་དྷ་ས་མེག་གྷན་སྲང་ལམ་གཡས་གཡོན་དུ་བོད་མིའི་ཐང་ཁྲོམ་ག་ཚོད་ཅིག་ཡོད་པ་དང་། ཚོང་ཟོག་གཙོ་བོ་ག་རེ་གཉེར་གྱི་ཡོད།

དྲིས་ལན། ད་ཆར་ཐང་ཁྲོམ་སྟོན་མཁན་ཡོངས་གྲགས་ ༡༢༩ ཡོད་པ་དང་། དེ་ཚང་མ་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཆོག་མཆན་འོག་ཡོད་པ་དང་། སྤྱིར་བཏང་ང་ཚོ་ཐང་ཁྲོམ་སྐྱིད་སྡུག་ནང་འཛུལ་ཞུགས་གནང་འདོད་ཡོད་མཁན་མང་པོ་ཡོད་ནའང་། ནང་སྲིད་ལས་ཁུངས་དང་ས་གནས་མགོ་འཛིན་ལས་ཁུངས། བོད་པའི་ཐང་ཁྲོམ་སྐྱིད་སྡུག་གསུམ་ཀས་བོད་མི་ཐང་ཁྲོམ་སྟོན་མཁན་ ༡༢༩ ལས་མི་བརྒལ་བའི་ཚད་ཅིག་བཟོས་ཡོད་པ་རེད། ཚོང་ཟོག་སྐོར་ནས་ཡིན་ན། རིགས་གཅིག་གིས་གནའ་རྫས་འདྲ་བའི་ཟངས་ལྕགས་རིགས་ཀྱི་འདོགས་ཆ་ཉོ་འཚོང་བྱེད་ཀྱི་ཡོད་པ་དང་། རིགས་གཅིག་གིས་གཡུ་རྡོ་དང་བྱིར་རྡོའི་རྒྱན་ཆ་སོགས་ཉོ་འཚོང་བྱེད་ཀྱི་ཡོད་པ་རེད། ཡང་ལ་ལས་ཉི་གདུགས་དང་གྱོན་ཆས་འདྲ་མིན། ཟས་རིགས་སོགས་ཉོ་འཚོང་བྱེད་ཀྱི་ཡོད་པ་དང་། ཟས་རིགས་ཀྱི་ཚོང་ཟོག་ཁ་ཤས་རྒྱ་ནག་ནས་ཐོན་པ་དེ་འདྲ་ཡང་ཡོད་པ་རེད།

དྲི་བ། བོད་མི་ཐང་ཁྲོམ་གཉེར་མཁན་ཚོར་ཉིན་གཅིག་གི་ཚོང་གཉེར་ཡོང་འབབ་ཅི་ཙམ་ཡོད་པ་དང་། ས་ཁྲལ་ག་ཚོད་འཇལ་དགོས་རྒྱུ་ཡོད་པ་རེད།

དྲིས་ལན། འདི་གའི་ཐང་ཁྲོམ་སྟོན་མཁན་ཚོའི་ཡོང་འབབ་རྣམ་པ་སྣ་ཚོགས་རེད། རིགས་གཅིག་གིས་ཉིན་རེའི་ཉོ་འཚོང་གི་ཡོང་འབབ་ཅུང་ཡག་པོ་ལོན་གྱི་ཡོད་པ་དང་། ཁག་གཅིག་གིས་མགོ་འཚོང་ཙམ་ཡང་རྒྱག་མ་ཐུབ་པར་ས་གླ་སྤྲད་ནས་ལོགས་དགོས་པ་དེ་འདྲ་ཡང་ཡོང་གི་འདུག རྒྱ་གར་གྲོང་སྡེ་ལས་ཁུངས་རང་ནས་ས་ཁྲལ་དེ་ཐོག་མར་ཧིན་སྒོར་ ༥ དང་། དེ་ནས་ཧིན་སྒོར་ ༡༠ ནས་ཧིན་སྒོར་ ༢༠ བར། ད་ཆར་ས་ཁྲལ་ཧིན་སྒོར་ ༥༠ སྤར་ཡོད་པ་དང་། སྤྱིར་བཏང་འདི་ག་དྷ་ས་མེག་གྷན་སྲང་ལམ་བརྒྱུད་ཀྱི་ཐང་ཁྲོམ་གྱི་ས་ཁྲལ་དེ་ཧ་ལམ་རྒྱ་གར་རྒྱལ་ཡོངས་ནས་ཁྲོམ་རའི་ས་ཁྲལ་མཐོ་ཤོས་དེ་ཆགས་ཡོད་ས་རེད།

དྲི་བ། ད་ལྟའི་ཆར་བོད་མི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ་གཙོ་བ་གང་ཡིན་དང་། ཐང་ཁྲོམ་སྟོན་མཁན་རེ་ཟུང་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་པ་དེ་ཚོའི་ཁྲོམ་སུ་ལ་བདག་གི་ཡོད་དམ།

ལན། སྤྱིར་བཏང་ཐང་ཁྲོམ་སྟོན་མཁན་ཚོར་དཀའ་ངལ་མང་པོ་ཡོད་པ་རེད། སྔོན་ཆད་དང་བསྡུར་ན་དམིགས་བསལ་དཀའ་ངལ་ཅུང་ཉུང་དུ་ཕྱིན་ཡོད་པ་རེད། སྔོན་མ་ཡིན་ན་རྒྱ་གར་ས་གནས་གྲོང་སྡེ་ལས་ཁུངས་ལོ་རེར་ཐེངས་གཉིས་གསུམ་རེར་ཡོང་ནས་ཁྲོམ་ས་གཏོར་གྱི་ཡོད་པ་རེད། ད་ཆར་དེ་འདྲའི་རིགས་ཧ་ལམ་མེད་པ་འདྲ་བོ་ཆགས་འདུག ཕྱི་ལོགས་སུ་འགྲོ་མཁན་བརྒྱ་ཆ་ ༩༩ ལྷག་གིས་སོ་སོའི་སྤུན་མཆེད་དང་ཉེ་འབྲེལ། ཡང་ན་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་ཡོད་མཁན་དང་ཐང་ཁྲོམ་བསྟན་ནས་ཁེ་ཕན་གསོག་ཐུབ་མཁན་དེ་འདྲ་ཕར་ཚུར་སྐོར་བ་དང་འཚོང་གི་ཡོད་པ་རེད། དེང་སྐབས་བལ་ཡུལ་དང་རྗམ་མུ་ཀ་ཤཱི་མེར་ནས་ཡོང་བའི་ཐང་ཁྲོམ་སྟོན་མཁན་ཇེ་མང་དུ་འགྲོ་བཞིན་འདུག

དྲི་བ། དྷ་ས་བྷག་སུ་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལམ་ཁ་གང་རུང་ཞིག་ཏུ་ཐང་ཁྲོམ་སྟོན་པའི་ས་ཆ་སྤྲོད་རྒྱུ་ཡིན་སྐོར་ཞིག་གོ་སོང་བས་དེའི་གནས་སྟངས་ད་ཆར་གང་འདྲ་ཆགས་ཡོད་དམ།

ལན། སྔོན་མ་ནས་དྷ་སྟེང་བོད་ཁྱོམ་སློབ་གྲྭའི་ལམ་ཁ་དང་། བྷག་སུའི་མགྲོན་ཁང་གི་རྒྱབ་ལོགས་དང་སྨན་པ་ཐོག་མེད་ལགས་ཀྱི་སྨན་ཁང་གི་རྒྱབ་ལོགས་དེ་གར་ཁྲོམ་ས་ཞིག་སྤྲོད་རྒྱུ་ཡིན་སྐོར་ལབ་ཡོད་ཀྱང་། ད་སྔ་གཞུང་གི་ཐོག་ནས་ཡིག་ཆ་དེ་འདྲ་གང་ཡང་གཏན་འབེབས་བྱས་ཡོད་པ་མ་རེད། གནས་ཚུལ་དེ་སྤྱི་ཚོགས་སྟེང་གི་གླེང་ཕྱོགས་ཙམ་ཞིག་རེད། ཁྲོམ་ས་སྤྲོད་རྒྱུ་ཡིན་པའི་རྣམ་པ་འདྲ་ཞིག་སྟོན་གྱི་ཡོད་པ་དང་། དེའི་ཐོག་ལ་ང་ཚོ་ཐང་ཁྲོམ་སྐྱིད་སྡུག་དང་ནང་སྲིད་ལས་ཁུངས། ས་གནས་མགོ་འཛིན་ལས་ཁུངས་གསུམ་ཆ་ནས་དཀའ་ལས་བརྒྱབ་དང་རྒྱག་བཞིན་ཡོད་པ་རེད།

དྲི་བ། ཉེ་ཆར་དྷ་ས་ཟློས་གར་ཚོགས་ཁང་དུ་སྲིད་སྐྱོང་འོས་མི་གཉིས་ལ་བགྲོ་གླེང་ཚོགས་སྐབས། ཁྱེད་རང་གིས་ཐང་ཁྲོམ་སྐྱིད་སྡུག་གི་ངོས་ནས་འོས་མི་གཉིས་ལ་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད་གསུངས་སོང་ཡང་གོ་སྐབས་རེག་ཡོད་པ་མ་རེད། འབོད་སྐུལ་ག་རེ་ཡོད་པ་དེ་རིང་འདིར་གསུངས་ན་འགྲིག་གམ།

ལན། ཐང་ཁྲོམ་སྐྱིད་སྡུག་གི་མིང་ཐོག་ནས་ངས་སྐབས་བཅོ་ལྔ་བའི་སྲིད་སྐྱོང་འོས་མི་གཉིས་ལ་ཞུ་འདོད་མི་འདུག རྒྱུ་མཚན་ད་ཆར་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཚུགས་ལ་ཉེ་བའི་སྐབས་འདིར། བཙན་བྱོལ་སྤྱི་ཚོགས་ཅུང་ཟ་ངེ་ཟིང་ངེ་དང་རྙོག་འཛིང་ཆགས་ཡོད་སྟབས། འོས་འདེམས་མི་མང་གིས་བསམ་ཚུལ་ག་རེ་བཏོན་པ་ཡིན་ནའང་ཆབ་སྲིད་ཆགས་འགྲོ་བཞིན་ཡོད་སྟབས། ཡིན་ནའང་ང་རང་སྒེར་ངོས་ནས་འབོད་སྐུལ་ཞུ་འདོད་པ་དེ། ད་ལྟའི་སྲིད་སྐྱོང་འོས་མི་རྣམ་པ་གཉིས་ནི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་གཙོས་པའི་མི་རབས་རྒན་པ་ཚོས་ཡ་རབས་བཟང་སྤྱོད་ཐོག་ནས་བསྐྱངས་ཡོང་བའི་བོད་མའི་སྒྲིག་འཛུགས་དང་བོད་མི་མང་གི་མ་འོངས་ཤུལ་འཛིན་མཁན་ཡིན་དུས། ཁྱེད་རྣམ་པ་གཉིས་ལ་འོས་འགན་ཆེན་པོ་ཞིག་ཡོད་པ་རེད།

ང་ཚོའི་སྤྱི་ཚོགས་འདི་ཁག་གཉིས་སུ་གྱེས་པ་དང་ཆོལ་ཁའི་ཕྱོགས་རུས་སུ་སོང་སྟེ་སྤྱི་ཚོགས་རང་ཟ་ངེ་ཟིང་ངེ་ཞིག་ཆགས་ཡོད་དུས། ཁྱེད་རྣམ་པ་གཉིས་སྤྱི་ཚོགས་ཀྱི་བེད་སྤྱོད་དུ་མ་སོང་བར། སྤྱི་ཚོགས་ནང་ཁྱེད་རྣམ་པ་གཉིས་ལ་སྐྱོན་བརྗོད་ག་རེ་བྱེད་ཀྱི་ཡོད་ནའང་། ཁྱེད་རྣམ་པ་གཉིས་ཀྱིས་རང་ཚུགས་བརྟན་པོར་ཟིན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་ཁྱེད་རྣམ་པ་གཉིས་ཀྱི་སུ་ལ་སྲིད་སྐྱོང་གི་འོས་ཐོབ་པ་ཡིན་ནའང་། ཁྱེད་རྣམ་པ་གཉིས་ནས་སོ་སོའི་རྒྱབ་སྐྱོར་མི་མང་ལ་ལམ་སྟོན་ཡག་པོ་ཞིག་གནང་རོགས་ཞུ་རྒྱུ་ཡིན། སོ་སོའི་རྒྱབ་སྐྱོར་མི་མང་གི་ལངས་ཕྱོགས་ལ་བརྟེན་ཏེ། སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་ཁྲོད་སྲིད་སྐྱོང་རྒྱལ་ཁ་མ་ཐོབ་རུང་། ཐོབ་མཁན་དེའི་དབུ་ཁྲིད་འོག་ཆོལ་ཁའི་ཕྱོགས་ཞེན་མེད་པའི་ཐོག་ནས་ཤར་སྐྱོད་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ལམ་སྟོན་ཞིག་ཕེབས་རོགས་གནང་ཞུ་རྒྱུ་ཡིན། མང་ཚོགས་ངོས་ནས་བཤད་ན། ད་རེབ་ཀྱི་འོས་བསྡུ་འདིའི་ཐོག་གཅིག་གིས་གཅིག་ལ་སྐྱོན་བརྗོད་རྐྱང་རྐྱང་བྱེད་པ་དང་སྡུག་པའི་གནས་ཚུལ་རྐྱང་རྐྱང་ལབ་བསྡད་པ་དེ་ག་ཚོད་བཙོག་པོ་འདུག ང་ཚོས་བཙོག་པའི་གནས་ཚུལ་མཐོང་བའི་ཐོག་ནས་མི་རེ་རེའི་ངོས་ནས་བཙོག་པའི་གནས་བབ་ཐོག་མི་འགྲོ་བའི་དམ་བཅའ་འཇོག་པ་དང་། མ་འོངས་པར་བོད་མི་རིགས་དང་བོད་རྒྱལ་ཁབ་འཛིན་སྐྱོང་གནང་དགོས་ཀྱི་ཡོད་ན། ང་ཚོ་ཚང་མ་ཆིག་སྒྲིལ་དང་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་སྡོད་དགོས་པ་གལ་ཆེན་དོན་ཆེན་རེད་ཅེས་འབོད་སྐུལ་ཞུ་འདོད་བྱུང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༦/༠༣/༡༨

Leave a Reply

2 thoughts on “སྲིད་སྐྱོང་སུ་ལ་ཐོབ་ཀྱང་རུང་སོ་སོའི་རྒྱབ་སྐྱོར་བ་ཚོར་ཁ་བརྡ་སློབ་གསོ་ཡག་པོ་ཞིག་གནང་རོགས།

  1. གྲོགས་པོ་ལགས་དྲི་ལན་ཡག་པོ་འདུག་ལ། རང་གི་ཤེས་ཚོད་ཀྱི་འབོད་སྐུལ་ཡང་ཡག་པོ་བྱས་འདུག ཡིན་ནའང་ད་ལྟའི་ཟིང་ཆ་འདི་མང་ཚོགས་ཕྱོགས་ཞེན་རྨོངས་འཐོམ་གྱི་དབང་གིས་བྱུང་བ་ཞིག་ལ་ངོས་འཛིན་དགོས་པར་འདོད། སྲིད་སྐྱོང་འོས་མི་གཉིས་ཀྱིས་སྤྱི་བའི་ལས་དོན་དང་དེ་དང་འབྲེལ་ཡོད་ཀྱི་ཐད་ནས་ཕན་ཚུན་སྐྱོན་བརྗོད་བྱེད་དགོས་པ་ནི། མང་གཙོའི་འགྲན་རྩོད་ཀྱི་འགྲོ་རིམ་ཞིག་རེད། སྲིད་སྐྱོང་སུ་ལ་ཐོབ་ན་དེ་མང་མོས་ཀྱིས་ཐོབ་པ་ཡིན་པས་ཚང་མས་གུས་བརྩི་ཞུ་དགོས་པ་དེ་ང་ཚོ་ཚང་མས་འགན་འཁྲི་རེད། ཡིན་ནའང་གོ་བ་མེད་པའི་གླང་རྒན་ལྟ་བུའི་རིགས་ལ་འགྲེལ་བཤད་མི་འགྲོ་བ་མ་གཏོགས། དོན་དངོས་དེ་ལྟར་རེད།

  2. གངས་རིའི་བུ་ཆུང་།

    ད་ལོ་དངོས་གནས་བཙན་བྱོལ་སྤྱི་ཚོགས་ཀྱི་གདོང་རིས་ངོ་མ་དེ་བསྟན་སོང་། ད་ནས་བཟུང་ཆོལ་ཁ་ཆོས་ལུགས་དང་དགའ་མིན་དགའ་སྡུག་བྱེད་མཁན་ཁྱེད་ཚོས་ཅིག་ཡིན་མདོག་མདོག་དང་། མི་མང་གི་སྣེ་ཁྲིད་ཡིན་མདོག མང་ཚོགས་ལ་ལམ་སྟོན་དང་སློབ་གསོ་རྒྱག་ཁུལ། བོད་མི་རིགས་ལ་ལ་རྒྱ་དང་སེམས་ཤུགས་ཡོད་མདོག་གཏན་ནས་མ་བྱེད་རོགས། ཁྱེད་རྣམས་ངོ་མ་ཚ་རུང་ང་ཚོ་ངོ་ཚ་ས་རེད། དཔེ་ཞབས་འདྲེན་རེད། གདོང་རིས་ངོ་མ་དེ་བསྟན་སོང་།