འོས་བསྡུའི་བསླངས་པའི་སེམས་འཁུར།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

…………..རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་རྗེ་ཀིར་ཤི་ན་མུ་ཊེ་མཆོག་གིས། “རང་དབང་ནི་བློ་གྲོས་དང་ཤེས་རབ་ཀྱིས་ཕྱུག་དགོས་པ་མ་གཏོགས། ཤེས་རབ་དང་བྲལ་བའི་ཕྱོགས་ཞེན་དང་ཨུ་ཚུགས་ཀྱིས་སྐྱེད་པའི་རང་དབང་ནི་རང་དབང་ལོང་བ་ཡིན།” ཞེས་གསུངས།

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེ་འདི་ལྟར་རྫོཊ་སོང་། ཛ་དྲག་གི་འགྲན་བསྡུར་དང་ལབ་གླེང་རྩོད་ཉོག་སོགས་ཀྱི་ཁྲོད་ནས་རྫོགས་སོང་། ད་ལོའི་འོས་བསྡུ་ཆེན་མོ་འདི་བརྒྱུད་དེ་མ་འོངས་པར་བསམ་གཞིགས་བསྐྱར་དུ་བཏང་སྟེ་གྲ་སྒྲིག་གསར་པ་བྱེད་དགོས་པ་ཆགས་སོང་། སྲིད་སྐྱོང་འདེམས་ཕྱོགས་དང་ཆོལ་ཁ་ཆོས་ལུགས་ཀྱི་འཐུས་མི་ཡོང་སྟངས་ལའང་འགྲོ་སྟངས་གསར་པ་བཟོ་དགོས་པ་མང་པོ་ཞིག་ཆགས་ཡོད། མཐོང་ཚོར་གཞན་པོ་འདི་ནམ་རྒྱུན་བོད་སྤྱི་བར་སེམས་འཁུར་ཡོད་མཁན་དག་ཨ་ཅང་ཅང་། བོད་དོན་ལ་དོ་སྣང་མེད་མཁན་དང་བསམ་བཞིན་དུ་སྣང་མེད་གཏོང་མཁན། ཐ་ན་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་སོགས་ཡིད་ཆེས་མཁན་ཚོར་ཡང་བཟང་ཕྱོགས་ངན་ཕྱོགས་གཉིས་ཐད་བློ་ཚབ་འདི་སྐྱེ་ཡོད་ངེས།

དགོད་བྲོ་བོ་ཞིག་ལ། ནམ་རྒྱུན་༧གོང་ས་མཆོག་ལ་དད་གུས་མེད་པའི་སྲིད་སྤྱིའི་འོས་མི་དག་གིས་ཀྱང་ཐེངས་འདིར་ “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་དགོས” ཞེས་ཡང་ནས་བསྐྱར་དུ་གླེང་གི་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་མགོ་ན་མཁན་ཚོས་ཀྱང་ “གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་དོན་སེལ་དགོས” ཞེས་ཁ་ནས་ཆུ་རྒྱུག་རྒྱུག་རེད། དེ་བཞིན། འོས་མི་སོ་སོར་རྒྱབ་སྐྱོར་བྱེད་མཁན་དག་གི་ཁྲོད་དུའང་སོ་སོའི་འོས་མི་དེ་༧གོང་ས་མཆོག་ལ་ཡིད་ཆེས་དད་པ་ཡོད་མདོག་སྟོན་ཆེད་༧གོང་ས་མཆོག་དང་མཉམ་དུ་སྒྲོན་པའི་པར་མིན་ཡང་ཁོང་གི་ཉེ་སར་ཡོད་པའི་པར་དང་། ཁོང་གིས་འཛུམ་ཞལ་སྟོན་བཞིན་པའི་པར་སོགས་གང་མང་འགྲེམ་བཞིན་འདུག

ད་རེས་བོད་མི་མང་གིས་སོ་སོའི་མགོ་ཁྲིད་ཐད་ཀར་འོས་འདེམས་བྱེད་ཐེངས་བཞི་པ་དང་། ༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་རྗེས་ཀྱི་འོས་འདེམས་དང་པོ་དེ་ཆགས་ཡོད། ཐེངས་འདིའི་འོས་བསྡུ་བརྒྱུད་དེ་སྔར་སོ་སོའི་གཞུང་དང་སྒྲིག་འཛུཊ་ལ་དགའ་ཞེན་མེད་མཁན་ཚོར་དགའ་ཞེན་ཡོད་པ་དང་། ༧གོང་ས་མཆོག་ལ་དད་གུས་མེད་མཁན་ཚོར། བཅོས་མིན་གྱི་དད་པ་ཞིག་སྐྱེ་དཀའ་ཡང་དགོས་དབང་གིས་དད་པ་ཞིག་སྐྱེ་ཡོད་ངེས་ལ། ཁོང་གི་སྐུ་ཡི་གཟི་བྱིན་དང་གསུང་གི་ནུས་སྟོབས། ཐུགས་ཀྱི་བཀོད་པ་སོགས་ལའང་ངོས་འཛིན་དང་གདེང་འཇོག་གསར་པ་ཞིག་ཐོབ་ཡོད་པ་སྨོས་མེད་རེད།

མཐའ་དོན། དངོས་གཞིར་སྲིད་སྐྱོང་འོས་མི་གཉིས་དང་སྤྱི་འཐུས་འོས་མི་གོ་བཞི་བཅས་ཁྱོན་སྲིད་སྤྱིའི་འོས་མི་ ༩༦ ཙམ་གྱིས་འདས་པའི་ལོ་གཅིག་ལ་ཉེ་བའི་རང་ཆེ་འཐབ་ཆུང་འཐབ་ཀྱིས་རྐུབ་སྟེགས་ ༤༦ དེ་ལ་འགྲན་རྩོད་བྱས་པ་རེད། སྲིད་སྤྱིའི་འོས་མི་ཡོངས་ལས་སྲིད་སྐྱོང་གཅིག་དང་སྤྱི་འཐུས་ཞེ་ལྔ་ཡར་བསླེབས་རྗེས་འོས་མི་ ༥༠ ཙམ་མར་ཟེགས་དགོས་པ་འོས་བསྡུའི་ཆོས་ཉིད་དང་དམངས་གཙོའི་སྒྲིག་སྲོལ་ཡིན། ཡར་སླེབས་མཁན་ཚོས་ཁ་ཞེ་གཉིས་མེད་དྲང་ཚུགས་བརྟན་པོ་དང་། སྤྱི་སེམས་ཆེ་ལ་སྙིང་རུས་བརྟན་པོས་སྤྱི་བའི་ལས་དོན་ཕྲག་ཏུ་ལེན་པའི་བློ་སྟོབས་དགོས་པ་མ་ཟད། མར་ཟེགས་མཁན་ཚོས་ཀྱང་དམངས་གཙོའི་སྒྲིག་སྲོལ་ལ་གུས་བརྩི་དང་། བོད་མིའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་སྙིང་ལ་བཅངས་ཏེ་མུ་མཐུད་བོད་སྤྱི་དོན་ཐོག་འབད་འབུངས་ཞུ་རྒྱུ་སེམས་ནང་གྲ་སྒྲིག་ཡོད་དགོས།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply