བོད་པའི་དགོན་སྡེ་ཁག་ནང་ཧི་མ་ལ་ཡའི་རི་རྒྱུད་བརྒྱ་ཆ་ ༥༥།༨ ཆགས་འདུག

དེ་རིང་གྲོས་ཚོགས་ནང་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ནང་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ག་ཚོད་ཆགས་ཀྱི་ཡོད་མེད་དྲི་བ་དྲིས་ལེན་སྐབས་ཆོས་རིག་བཀའ་བློན་མཆོག་གིས་གསལ་བཤད་གནང་སོང་།

palamchujorདེ་རིང་ཉིན་རྒྱབ་སྤྱི་འཐུས་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་ཏེ། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། ཉེ་ལམ་བོད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དྷ་རམ་ས་ལར་ཚོགས་འདུ་ཚོགས་པའི་སྟེང་། ཚོགས་ཞུགས་པ་ཡོངས་ཀྱི་སེམས་འཚབ་ཆེ་ཤོས་དེ་བཙན་བྱོལ་ནང་གི་བོད་པའི་དགོན་སྡེ་ཁག་ནང་བོད་རིགས་གྲྭ་རྒྱུན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་དཀའ་ངལ་དེ་མགྲིན་དབྱངས་གཅིག་གྱུར་གྱིས་གསུངས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ངོས་ནས་གནད་དོན་དེར་ཞིབ་འཇུག་གནང་ཡོད་མེད་དང་། གནང་ཡོད་ན་དཀའ་ངལ་སེལ་ཐབས་གང་འདྲ་གནང་གི་ཡོད་མེད་དྲི་བ་བཏོན་པའི་ལན་དུ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུངས་དོན། ང་ཚོས་དགོན་སྡེ་ཁག་དང་བཙུན་དགོན་ཁག་ལ་ཞིབ་འཇུག་བྱས་པ་ཡིན། ད་ལྟ་ཁྱོན་བསྡོམས་གྲྭ་བཙུན་ཁྲི་བཞི་ ༤༠༠༠༠ ལྷག་ཅིག་འདུག དེ་དག་ཁྲོད་བོད་རིགས་ག་ཚོད་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ག་ཚོད་ཡོད་མེད་ལ་ཞིབ་འཇུག་བྱས་སྐབས་བརྒྱ་ཆ་ ༥༥།༨ ཙམ་ཧི་མ་ལ་ཡའི་རི་རྒྱུད་ཆགས་ཚར་འདུག དེའི་ནང་དགེ་ལུགས་འོ་ཙམ་རེད་མ་གཏོགས་ཆོས་བརྒྱུད་གཞན་པ་མང་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་ཆགས་ཚར་འདུག དེ་ལ་ཚང་མས་ཐུགས་འཚབ་གནང་གི་ཡོད་པ་རེད། ཅེས་གསུངས་སོང་།

ཆོས་རིག་བཀའ་བློན་མཆོག་གིས་མུ་མཐུད་དུ་གསུངས་དོན། སྔོན་ཆད་ ༡༩༧༩ ལོའི་རྗེས་ལ་ཏུན་ཞོ་ཕིན་གྱིས་སྲིད་བྱུས་གུ་ཡངས་བཏང་བའི་རྗེས་ལ་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་གྲྭ་བཙུན་བརྒྱ་ཆ་ ༨༠ ལྷག་ཅིག་བོད་ནས་ཡོང་ཆགས་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ། བོད་ནས་ཡོང་མཁན་ཞེ་དྲགས་ཉུང་ཉུང་ཆགས་འདུག བཙན་བྱོལ་སྤྱི་ཚོགས་ནང་ནས་སོ་སོའི་ཕྲུ་གུ་གྲྭ་བ་བྱེད་མཁན་ཧ་ཅང་དཀོན་པོ་རེད། དཀའ་ངལ་དེའི་ཐོག་ལ་ཆོས་བརྒྱུད་ཁག་གི་དབུ་བླ་ཚོས་བཀའ་མོལ་མང་པོ་གནང་བ་རེད་དེ་མཐའ་མར་དགོན་པའི་ནང་གི་དཔེ་ཆ་ཡག་པོ་ཡོད་པའི་དགེ་འདུན་པ་ཚོ་ཕྱི་རྒྱལ་ཁག་ཏུ་མ་ཤོར་བར་དགོན་སྡེ་ཁག་ནང་བཞུགས་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་ཀྱི་འདུག་ཟེར་བ་ཙམ་ལས་གཞན་འདི་དང་དེ་བྱེད་དགོས་པ་རེད་ཟེར་བ་ཞིག་གསུང་རྒྱུ་མི་འདུག

༧གོང་ས་མཆོག་གིས་ག་རེ་དགོངས་པ་བཞེས་ཀྱི་འདུག་ཟེར་ན། བོད་ནང་བོད་མི་གནས་ཐུབ་དང་མི་ཐུབ་དོགས་པ་ཆགས་ཡོད་དུས་བོད་པའི་ནང་ཆོས་གནས་ཐུབ་ཀྱི་མེད་པ་གསལ་བོ་ཆགས་ཡོད་པ་རེད། ཧི་མ་ལ་ཡའི་རི་རྒྱུད་དེ་ཕ་མེས་ཡང་མེས་ནས་ནང་པའི་ཆོས་མི་རིགས་ཤིག་ཆགས་ཡོད་པ་རེད། ན་ནིང་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ། བླ་མ་ཆོས་འཕེལ་བཟོད་པ་མཆོག་ལ། ཁྱེད་རང་ཚོའི་གྲྭ་རྒྱུན་མང་པོ་ཐེབས་ཏེ་ནང་ཆོས་ལ་དོ་སྣང་བྱས་ཏེ་དགོན་པར་བཞུགས་པ་དེ་ཞེ་དྲགས་ཡག་པོ་རེད། ཐུགས་རྗེ་ཆེ་གསུངས་ཡོད་པ་རེད། དེ་དུས་སོ་སོའི་བསམ་བློ་ལའང་འགྱུར་བ་ཕྱིན་སོང་། ང་ཚོའི་བསམ་བློ་དེ་ཐབས་སྐྱོ་བོ་དང་ཚད་དམའ་བོ་རེད་འདུག ང་ཚོའི་བསམ་པར་ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཞིག་དྲན་བསྡད་ཡོད་པ་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་དེ་འདྲ་ཞིག་རེད་མི་འདུག ཧ་ཅང་རྒྱ་ཆེན་པོ་རེད། ནང་ཆོས་འདི་གནས་དགོས་ཀྱི་ཡོད་ན། བོད་གངས་ཅན་གྱི་ལྗོངས་སུ་གནས་ཐུབ་དང་མི་ཐུབ་དྲི་བ་རེད། ཧི་མ་ལ་ཡའི་རི་རྒྱུད་དུ་གནས་དགོས་པ་ད་ལྟ་སྐབས་སུ་བབ་པའི་གནད་དོན་གལ་ཆེན་པོ་ཆགས་ཡོད་སྟབས། ཧི་མ་ལ་ཡའི་རི་རྒྱུད་ནས་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་སྟེ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཨཱ་ཞེས་གསུངས་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༦/༠༣/༢༥

Leave a Reply

7 thoughts on “བོད་པའི་དགོན་སྡེ་ཁག་ནང་ཧི་མ་ལ་ཡའི་རི་རྒྱུད་བརྒྱ་ཆ་ ༥༥།༨ ཆགས་འདུག

  1. འབྲོག་རྒན།

    དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་གསུང་བ་ཇི་བཞིན་ཏེ། ད་ཆ་དགོན་སྡེ་ཙམ་དུ་མ་ཟད་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ལ་ཡང་བོད་རིགས་ཀྱི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་པ་དང་ཧི་མ་ལ་ཡའི་ཁོངས་ཀྱི་སློབ་ཕྲུག་ཇེ་མང་རེད། སློབ་མ་དེ་ཚོས་དང་ཐོག་གྲོང་སྐད་དང་ཧིན་དྷི་ཙམ་ལས་མི་ཤེས་པས་བོད་སྐད་དང་བོད་ཡིག་ནི་ཁོང་ཚོར་མཚོན་ན་སློབ་ཚན་གསར་བ་ཞིག་ཏུ་གྱུར་ཡོད་པས་ན། དམའ་རིམ་འཛིན་གྲྭ་འགའ་ཞིག་ལ་ཧི་མ་ལ་ཡའི་ཕྲུ་གུ་མང་དྲགས་ཏེ་ཧིན་དྷི་སྐད་ནང་སློབ་འཁྲིད་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་འདུག འོན་ཀྱང་ཡ་མཚན་པ་ནི་ སློབ་གྲྭ་ཁག་གི་ཕུལ་བྱུང་གི་སློབ་མའི་རིགས་ནང་ལ་ཧི་མ་ལ་ཡའི་སློབ་ཕྲུག་གི་གྲངས་ནི་ཇེ་མང་དུ་འགྲོ་བཞིན་པ་དེ་རེད། སློབ་གྲྭ་ཞིག་གི་སློབ་མགོ་གསར་འཛུག་གི་མཛད་སྒོའི་སྐབས་སློབ་སྦྱོང་དང་སྤྱོད་པ། གཙང་སྦྲ་བཅས་ཁག་གསུམ་གྱི་ཐོག་ཕུལ་བྱུང་གི་གཟེངས་བསྟོད་བྱ་དགའ་ཕུལ་དུས། བྱ་དགའ་བཞེས་མཁན་གྱི་ཁྲོད་དུ་བོད་པ་རྣལ་མ་ཡིན་པའི་ཕྲུག་གུ་གཉིས་ལས་མ་བྱུང་བའི་ཡིད་སྐྱོ་རུ་འཇུག་པའི་གནས་ཚུལ་ཡང་གོ་རྒྱུ་འདུག བྱས་ཙང་བོད་རིགས་གྲངས་ཉུང་དུ་འགྱུར་བཞིན་པའི་བོད་པའི་དགོན་པ་དང་སློབ་གྲྭ་ཁག་གི་བོད་རིགས་སློབ་གཉེར་བ་ཚོས་རིག་པ་འཕར་མ་ཞིག་སྒྲིམ་སྟེ་རང་དགོས་ཤེས་བྱའི་གནས་ལ་འབད་པར་འཚལ། །

  2. ཆེས་ས་ནས་བཤད་ན་ཡབ་མེས་ཁྲི་སྲོང་ལྡེ་བཙན་ཀྱིས་རྒྱ་གར་ནས་ནང་ཆོས་ཚ་ཚ་འུར་འུར་གྱི་གདན་འདྲེན་སྐབས་ཧི་མ་ལ་ཡའི་མི་རྣམས་ཀྱིས་གསེར་གྱི་དཔྱ་ཁྲལ་འཇལ་ཡོད་རེད། དེང་སྐབས་བོད་ཆེན་པོ་ཁ་འཐོར་དགུ་འཐོར་དུ་ཕྱིན་ཡང་།
    སྐད་དང་ཆོས་ཀྱི་འབྲེལ་ཏོག་ཙམ་ཏོག་ཙམ་ཡལ་མ་ཟིན་པ་ནི། ང་ཚོས་ལག་རྟེན་ལ་བརྟེན་ནས་སྤྲང་པོ་ཆགས་དུས་འབྲེལ་ཡོད་ཚོར་ལམ་ཐུག་གི་འབྲེལ་བ་བྱུང་བ་རེད། ཁོང་ཚོས་ང་ཚོའི་ཆབ་སྲིད་ཀྱི་ཁ་སྟབས་ལ་མ་ལྟོས་པར་འབྲེལ་འདྲིས་བྱ་བ་ནི། སྐད་དང་རིགས་ཀྱི་ཁྲག་རྩ་སྐམ་མེད་པའི་རྟགས་རེད།
    ཏི་བྷོ་ཌི་ཡ་རྒྱལ་གྱུར་ཅིག