རིག་གནས་གསར་བརྗེ་དང་དེང་གི་རྒྱ་ནག་གླེང་བ།

_____འབྱུང་འགྱུར་མི་ལོ་ ༢༠ རྗེས་སུ་དམར་ཤོག་ཚོགས་པ་ད་དུང་ཡོད་ན་སྐབས་དེར་ཅུང་ལྷོད་ཡངས་ཡིན་སྲིད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད།

རྒྱ་རིགས་རང་དབང་རྩོམ་པ་པོ་ཧི་ལིན་གོ་ (Helen Gao) ཡིས་ཨ་རིའི་ཧྭ་བར་ཌི་གཙུག་ལག་སློབ་ཆེན་ (Harvard University) གྱི་ལོ་རྒྱུས་དང་ཆབ་སྲིད་ཚན་རིག་པ་སྐུ་ཞབས་མ་ཁི་ཧྥར་ཁུ་ཧར་ (MacFarquhar) ལགས་སུ་རིག་གནས་གསར་བརྗེ་དུས་སྐབས་དང་དེང་གི་རྒྱ་ནག་སྐོར་ལ་བཅར་འདྲི་ཞུས་པ་ཞིག་ནེའུ་ཡོག་དུས་བབ་ལས་བོད་བསྒྱུར་བྱས།

Screen Shot 2016-05-08 at 11.39.49 AM

དྲི་བ། རྒྱ་ནག་གི་མགོ་ཁྲིད་ཚོས་རིག་གནས་གསར་བརྗེ་བྱུང་སྟེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་ཇི་ལྟར་བྱེད་སྲིད་དམ།

ལན། ངས་བལྟས་ན། རིག་གནས་གསར་བརྗེ་བྱུང་སྟེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པར་སུན་པོ་དེ་ཙམ་བཟོ་མི་སྲིད་སྙམ། གལ་ཏེ་ང་རང་ཞི་ཅིན་ཕིན་ཡིན་པའི་དབང་དུ་བཏང་ན། ངས་རང་གི་ལས་རོགས་ཚོར“དུས་དྲན་འདི་སུས་ཀྱང་སྲུང་གཙི་མི་བྱ་བར་ངེས་གཏན་བཟོས”ཞེས་འཆད་ངེས་ཡིན།

དྲི་བ། རིག་གནས་གསར་བརྗེ་ཡིས་དུས་སྐབས་དེའི་རྒྱ་ནག་གི་མགོ་ཁྲིད་ཚོ་དང་ཞི་ཅིན་ཕིན་གྱི་བསམ་བློར་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་ཡོད་དམ།

ལན། དོན་དངོས་སུ་ཞི་ཅིན་ཕིན་རིག་གནས་གསར་བརྗེ་ནང་ཞུགས་པ་བདེན་པ་ཡིན་ཡང་། ཁོ་རང་ཉིད་ལ་ཡིད་ཆེས་དང་ཉེན་མཆོང་ཕོད་པ་དེ་རིག་གནས་གསར་བརྗེ་དང་འབྲེལ་བ་ཡོད་མེད་བཤད་དཀའ། གཅིག་བྱས་ན་ཁོ་དབང་སྒྱུར་བའི་རྗེས་འཛིན་པ་ཞིག་ཡིན་པའི་ཆ་ནས། ཁོ་ལ་རིག་གནས་གསར་བརྗེ་སྔོན་ནས་རང་ཉིད་རང་ལ་ཡིད་ཆེས་འཁྲུལ་མེད་ཅིག་སྐྱེས་ཡོད་ཀྱང་སྲིད་པ་རེད། དེར་མ་ཟད། དེ་ནི་ངས་རིག་གནས་གསར་བརྗེ་དུས་སྐབས་ཀྱི་མི་རབས་དང་འབྲེལ་བ་ཡོད་མེད་གསལ་བོ་ཞིག་བཤད་དཀའ་སྟེ། རྒྱུ་མཚན་ནི་དེང་གི་རྒྱ་ནག་གི་འགྱུར་ལྡོག་ལ་བལྟས་ན་ང་ཚོས་གནད་དོན་འདི་རིག་གནས་གསར་བརྗེ་དུས་སྐབས་ཀྱི་མི་རབས་ཚང་མར་འབྲེལ་བ་མེད་པ་གསལ་བོར་མཐོང་ཐུབ་ཅིང་། དེང་གི་ཞི་ཅིན་ཕིན་ནི་མི་གཅིག་དབང་སྒྱུར་རིང་ལུགས་པ་ཞིག་རེད།

ཞི་ཅིན་ཕིན་གྱིས་ “ང་ཚོས་མའོ་ཙེ་ཏུང་དུས་སྐབས་ཀྱི་འབྱུང་རྐྱེན་མི་ཤེས་པས། ང་ཚོས་མའོ་ཙེ་ཏུང་གི་དུས་སྐབས་འབྲི་ཐུབ། དེར་བརྟེན་ངས་མའོ་ཙེ་ཏུང་གི་དུས་སྐབས་འབྲི་མི་འདོད”ཅེས་བཤད་ཡོད་པ་རེད། སྐད་ཆ་འདི་ལས་ང་ཚོས་དོན་དག་ཅིག་རྟོགས་ཐུབ་སྟེ། ཁོ་རིག་གནས་བརྗེ་ལ་དགའ་མོས་མེད་པ་དང་། ཁོ་ཟིང་འཁྲུག་ལ་འདོད་མོས་མེད་པ་དེ་རེད། མའོ་ཙེ་ཏུང་གིས་རང་ཉིད་ཀྱི་བསམ་བློར་བརྟེན་ནས་ཡོད་ཚད་དབང་དུ་བསྡུ་ཐུབ་པའི་ཚོར་སྣང་བྱུང་བ་དང་། ཁོས་མི་མང་ལ་རང་གི་བསམ་བློའི་ཉི་གདུགས་སྤྲད་དེ། ཁོ་ཚོར་གང་ལ་གང་འདོད་དང་ཅི་ལ་ཅི་འདོད་ལྟར་སྒྲུབ་ཏུ་བཅུག་སྟེ། མི་མང་གིས་མཇུག་སྡོམ་ལེགས་པོ་ཞིག་འཁྱོལ་བར་ཁོས་ཡིད་ཆེས་འཆང་ཡོད་པ་རེད། ཡིན་ནའང་མའོ་ཙེ་ཏུང་གི་རྗེས་འཛིན་དཔོན་རིགས་ཚོར་མཚོན་ན། སྲིད་དབང་མགོ་རྟིང་སློག་པའི་བསམ་སྦྱོར་འདི་རིགས་ལ་འདོད་མོས་ཡོད་པ་མ་རེད།

དྲི་བ། མི་མང་གིས་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་དང་རིག་གནས་གསར་བརྗེ་གཉིས་ཞིབ་བསྡུར་བྱེད་ཀྱི་འདུག

ལན། གལ་ཏེ་ཞི་ཅིན་ཕིན་གྱིས་དངོས་གནས་རིག་གནས་གསར་བརྗེ་དུས་སྐབས་ཀྱི་ཟིང་འཁྲུག་དེ་འདྲ་ཞིག་སློང་བ་ཡིན་ན། རྒྱ་རིགས་མི་མང་གིས་རིག་གནས་གསར་བརྗེ་དུས་སྐབས་ཀྱི་བསམ་སྦྱོར་གཅིག་མཚུངས་ཤིག་སྤེལ་བ་ཁོས་གསལ་བོར་ཤེས་ཀྱི་ཡོད་པ་རེད། དེར་མ་ཟད་ཞི་ཅིན་ཕིན་ནི་འགྱུར་ལྡོག་ཆེ་བའི་དབང་སྒྱུར་མཁན་ཞིག་ཡིན་རེད། ཁོས་རང་གི་འདོད་ཕྱོགས་ལྟར་རྒྱ་ནག་ཡར་རྒྱས་གཏོང་འདོད་ཡོད་པ་རེད། གཙོ་འཛིན་མའོ་ཙེ་ཏུང་དེ་དང་འདྲ་བ་མ་རེད། མའོ་ཙེ་ཏུང་གི་བསམ་པར་གལ་ཏེ་མི་མང་བཅིངས་འགྲོལ་བཏང་བ་ཡིན་ན། མི་མང་ཁོ་རང་གི་བསམ་བློའི་རྗེས་སུ་འབྲང་སྟེ་བྱ་གཞག་དོན་འཁྱོལ་ཡོང་ཐུབ་པར་ཡིད་ཆེས་བྱས་པ་རེད། གང་ལྟར་རིག་གནས་གསར་བརྗེ་དང་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་གཉིས་ཧ་ཅང་འདྲ་བོ་ཡོད་པ་རེད། མའོ་ཙེ་ཏུང་གིས་དམར་སྲུང་དམག་བཅིངས་འགྲོལ་བཏང་སྟེ་རྒྱལ་ཁབ་གསར་བརྗེ་ཡི་ལྟ་གོན་བྱས་པ་རེད། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་ལ་བརྟེན་ཏེ། མི་མང་ལེགས་ལམ་དུ་འགོད་རྒྱུར་རྩིས་བརྒྱབ་པ་རེད། མའོ་དང་ཞི་གཉིས་སུ་ཡིན་ཡང་ཁོ་གཉིས་ཀྱིས་རྒྱ་ནག་མི་མང་བཅོས་བསྒྱུར་གཏོང་འདོད་ཡོད་པ་རེད།

དྲི་བ། གཞི་རྒྱ་ཆེ་བའི་རྒྱ་ནག་གི་སྤྱི་ཚོགས་ནང་དུ་རིག་གནས་གསར་བརྗེ་དུས་དྲན་སྲུང་གཙི་ཇི་ལྟར་བྱ་སྲིད་དམ།

ལན། དེང་སྐབས་རྒྱ་ནག་ནང་རིག་གནས་གསར་བརྗེ་གླེང་མཁན་ཡོད་པ་མ་རེད། མི་མང་ལ་འདས་པའི་མི་ལོ་ ༥༠ སྔོན་གྱི་དོན་རྐྱེན་དེ་ལས་ལྷག་པའི་གལ་འགངས་ཆེ་བའི་ལས་དོན་མང་པོར་བསམ་བློ་གཏོང་རྒྱུ་བྱུང་ཡོད་པ་རེད། ཁོ་ཚོས་ལས་གནས་ལེགས་པོ་འཚོལ་བ་དང་དམངས་སྒོར་མང་པོ་གསོག་པ། སོ་སོའི་ཕྲུ་གུ་སློབ་གྲྭ་ལེགས་པོར་གཏོང་དགོས་ཀྱི་ཡོད་པ་རེད། ངས་སི་ཁྲོན་ཞིང་ཆེན་དུ་རིག་གནས་གསར་བརྗེ་འགྲེམ་སྟོན་ཁང་ཞིག་མཐོང་མྱོང་ལ། ཁྱེད་ཀྱིས་ཧྲང་ཧེ་ས་ཆར་རིག་གནས་གསར་བརྗེའི་བསྒྲགས་ཡིག་མང་པོ་མཐོང་ཐུབ། མི་མང་གིས་རིག་གནས་གསར་བརྗེ་རྩ་བ་ནས་བརྗེད་མེད་ནའང་། ད་ལྟའི་ཆར་གནད་དོན་དེ་དག་ཁོ་ཚོའི་སེམས་ནང་གི་གཙོ་གནད་ཅིག་ཆགས་ཡོད་པ་མ་རེད་བསམ་གྱི་འདུག

དྲི་བ། རྒྱ་ནང་གི་གཡོན་ཕྱོགས་པ་ཚོས་རིག་གནས་གསར་བརྗེ་དུས་སྐབས་ཀྱི་མི་མང་སྤྱི་ཁང་ཁག་དང་འདྲ་བའི་དུས་སྐབས་དེའི་སྤྱི་ཚོགས་སྲིད་ཇུས་ལ་རྩོད་གླེང་བྱེད་ཀྱི་འདུག

ལན། མི་མང་ལ་ཁེ་ཕན་གང་ཡང་མེད་པའི་སྲིད་ཇུས་ཤིག་ཡིན་ཚེ། མའོ་ཙེ་ཏུང་གི་སྲིད་ཇུས་ལམ་ཕྱོགས་དེ་མི་ལོ་ ༢༥ རྗེས་སུ་ད་དུང་ཡོད་མི་སྲིད། གཡོན་ཕྱོགས་པ་ཚོས་རིག་གནས་གསར་བརྗེ་སྐོར་གྱི་མི་མང་གི་བསམ་ཕྱོགས་སྒྱུར་འགྲོ་བཞིན་པ་གསལ་བོར་མཐོང་གི་ཡོད་པ་རེད། ཡིན་ནའང་ཁོ་ཚོས་དུས་ཟིང་ལ་བརྟེན་ནས་གཡོན་ཕྱོགས་ཀྱི་བསམ་བློའི་རླབས་རྒྱུན་མཐོ་རུ་འཕྱུར་ཐུབ་པ་ཡིན་ན། དེ་ཧ་ཅང་ལེགས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་རྒྱ་ནང་གི་སློབ་གྲྭ་དང་སྤྱི་ཁང་སོགས་ཕྱི་གསལ་ནང་གསལ་དང་ལས་བསླ་བོའི་སྒོ་ནས་ཕྱིར་གཡོན་ཕྱོགས་སུ་བསྒྱུར་དགོས་པའི་རྩོད་གླེང་བྱེད་ཀྱིན་ཡོད་པ་རེད། དེ་བས་གཡོན་ཕྱོགས་རིང་ལུགས་པ་རྣལ་མ་ཚོ་དང་ཐ་ན་རིག་གནས་གསར་བརྗེ་གླེང་སློང་བྱེད་མཁན་ཚོས་སོ་སོའི་བསམ་ཕྱོགས་ལ་འགྱུར་བ་གཏོང་སྲིད་པ་མ་རེད།

དྲི་བ། རིག་གནས་གསར་བརྗེ་ཡི་བྱས་ཉེས་ཆེ་ཤོས་གང་དག་ཡིན་ནམ།

ལན། རིག་གནས་གསར་བརྗེ་གླེང་མཁན་རེ་ཟུང་ལས་མེད་སྟབས། རྒྱ་ནག་ནང་དུ་གནད་དོན་འདི་འཆད་རྒྱུ་ཁག་པོ་རེད། <<མའོ་ཙེ་ཏུང་གི་མཐའ་མའི་གསར་བརྗེ་>><< Mao’s Last Revolution >>ཞེས་པའི་བདག་གི་དཔེ་དེབ་ནང་ངས་རིག་གནས་གསར་བརྗེ་ནི་ཆེས་ནུས་ཤུགས་ལྡན་པའི་འཐབ་རྩོད་ཅིག་མིན་པ་བསྟན་ཡོད། གལ་ཏེ་གསར་བརྗེ་དེ་ཆེས་ནུས་ཤུགས་ལྡན་པ་ཞིག་ཡིན་ན། ཕྱི་ལོ་ ༡༩༦༧ ལོའི་ཕྱི་ཟླ་ ༢ བའི་ནང་གཙོ་འཛིན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་འཐད་རྩོད་མཚམས་འཇོག་གི་རེད། རྒྱུ་མཚན་ནི་སྐབས་དེར་ལུའུ་ཧྲོ་ཅེ་སོང་ཚར་བ་རེད་ལ་རིག་གནས་གསར་བརྗེ་ཡང་མཇུག་སྒྲིལ་ཚར་བ་རེད།

ཡིན་ནའང་རིག་གནས་གསར་བརྗེ་ངོ་མ་དེ་ ༡༩༦༧ ལོར་མགོ་ཚུགས་ཏེ་ཞིང་ཆེན་ཁག་ཡོངས་ལ་ཁྱབ་པ་རེད། མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་ཁེ་དབང་ལ་བརྟེན་ཏེ། སྐབས་དེའི་དཔོན་རིགས་ཚོའི་ཁྲོད་ཀྱི་གསར་བརྗེ་བ་རྣལ་མ་མིན་པའི་དོགས་ཡོད་དཔོན་རིགས་ཚོ་ཚར་གཅོད་བྱས་ཀྱང་། དོན་དངོས་སུ་སྐབས་དེའི་དཔོན་རིགས་ཚོ་སོང་རྗེས་ཁོས་མུ་མཐུད་རིག་གནས་གསར་བརྗེ་རྒྱུན་འཁྱོང་བྱས་པ་དེས་ཁོས་རྒྱ་ནག་ཧྲིལ་བོར་གསར་བརྗེ་བྱ་བའི་རང་ཉིད་ཀྱི་བསམ་ཕྱོགས་རྒྱུན་འཁྱོང་བྱས་པ་བསྟན་ཡོད།

དྲི་བ། ཁྱེད་ཀྱིས་འབྱུང་འགྱུར་མི་ལོ་ ༢༠ རྗེས་སུ་ད་དུང་རིག་གནས་གསར་བརྗེ་གླེང་སློང་སྐབས་དམར་ཤོག་ཚོགས་པར་གནོན་ཤུགས་ཡོད་པར་བསམ་གྱི་འདུག་གམ།

ལན། འབྱུང་འགྱུར་མི་ལོ་ ༢༠ རྗེས་སུ་དམར་ཤོག་ཚོགས་པ་ད་དུང་ཡོད་ཚེ། སྐབས་དེར་ཅུང་ལྷོད་ཡངས་ཡིན་སྲིད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཡང་ཞི་ཅིན་ཕན་གྱི་རྒྱ་ནག་གི་འབྱུང་འགྱུར་སྲིད་ཇུས་དང་དེའི་ལམ་ལྷོང་ལ་རག་ལས་ཡོད་པ་རེད། དེ་ནི་ད་དུང་རྒྱ་ནག་གི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པ་རེད། རྒྱུ་མཚན་བསླ་བོ་ཞིག་དྲངས་ན། རིག་གནས་གསར་བརྗེ་ཡི་ངོ་བོ་དེ་མའོ་ཙེ་ཏུང་གིས་བསླངས་པའམ་དང་དེའི་ཟིང་འཁྲུག་གི་གནད་དོན་ཙམ་མ་ཡིན་པར། དེ་ཡང་རྒྱ་རིགས་ཕན་ཚུན་བར་ཐད་ཀར་མ་ཡིན་པའི་གདུག་རྩུབ་ཅིག་ཆགས་ཡོད། ཁོ་ཚོས་ཕན་ཚུན་ལ་མནར་གཅོད་དང་འཐབ་རྩོད། ཐ་ན་གསོད་རེས་བྱས་ཡོད་པ་རེད། མའོ་ཙེ་ཏུང་སྲང་ལམ་དུ་སོང་ནས་ “ཁྱོད་ཚོས་ཕན་ཚུན་ལ་མནར་གཅོད་བཏང་ཆོག”ཅེས་བཀའ་བཀོད་འཐེན་མེད་ནའང་། དོན་རྐྱེན་དེ་རང་ཤུགས་ཀྱིས་བྱུང་བ་རེད།

རིག་གནས་གསར་བརྗེ་ཡིས་ཅི་ཞིག་སྟོན་གྱི་འདུག་གམ་ཞེ་ན། ངས་བལྟས་ན། དུས་སྐབས་དེའི་ཟིང་འཁྲུག་ལ་བརྟེན་ནས་དམར་ཤོག་ཚོགས་པས་སྤྱི་ཚོགས་བཅོས་བསྒྱུར་དང་རྙིང་ཞེན་རིང་ལུགས་པར་ངོ་རྒོལ། གཡས་ཕྱོགས་པར་ངོ་རྒོལ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཏེ་སྐབས་དེའི་རྒྱ་ནག་དབང་དུ་བསྒྱུར་པ་དང་། བྱ་འགུལ་དེ་དག་ཚང་མ་རྒྱ་ནག་གི་ཆབ་སྲིད་ཕུང་དུ་བཅུག་ཡོད་སྟབས། གནད་དོན་དེ་གཞོན་སྐྱེས་ཚོའི་ཤ་གསེང་རུས་གསེང་དུ་ཟུག་ཡོད་པ་རེད། དེར་བརྟེན། མའོ་ཙེ་ཏུང་གིས་དྲག་ཆས་ལག་ལེན་མགོ་བཙུགས་ཏེ། གཞོན་སྐྱེས་ཚོར་ “སྐྱོན་ནི་མ་རེད། གསར་བརྗེ་སློངས། གང་ནུས་ཅི་ལྕོགས་བྱོས་” ཞེ་བའི་གསང་བརྡ་སྤྲད་ཡོད་པ་རེད་བསམ་གྱི་འདུག

པདྨ་རྒྱལ་གྱིས་བོད་བསྒྱུར་བྱས།

བསྒྱུར་མཆན།

སྐུ་ཞབས་མ་ཁུ་ཧྥར་ཁུ་ཧར་ལགས་ནི་ཨ་རིའི་ཧྭ་བར་ཌི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་དང་རིག་གནས་གསར་བརྗེ་སྐོར་གྱི་ཆེད་མཁས་པ་ཞིག་ཡིན་ཞིང་། ཁོང་གིས་དེ་སྔ་<<རིག་གནས་གསར་བརྗེ་ཆེན་མོའི་འབྱུང་རྩ་>><< The Origins of the Cultural Revolution >>དང་<<མའོ་ཙེ་ཏུང་གི་མཐའ་མའི་གསར་བརྗེ་>><< Mao’s Last Revolution >>སོགས་བརྩམས་ཡོད།

མ་རྩོམ་འབྲེལ་ཐོག http://www.nytimes.com/2016/05/04/world/asia/china-cultural-revolution-macfarquhar.html

བསྐྱར་བཅོས།: ༢༠༡༦/༠༥/༠༨

Leave a Reply

3 thoughts on “རིག་གནས་གསར་བརྗེ་དང་དེང་གི་རྒྱ་ནག་གླེང་བ།

  1. བོད་ཀྱི་དུས་བབས་ཚང་གི་ལས་མི་ལྷན་རྒྱས་རྣམ་པ་བཀྲིན་ཆེ་དུས་བབས་ཚང་ཡ་རྒྱས་ཡིན་པར་མ་ཟད་གསར་འགྱུར་རེད་བསྒྱུར་རྩོམ་རེད་གང་ཅི་ཐོག་ཡག་པོ་འདུག་གསར་འགོད་པ་རྣམ་པ་དང་དེ་བཞིན་ཡིག་སྒྱུར་གནང་མཁན་པདྨ་རྒྱལ་སོགས་ཚང་མ་བཀྲིན་ཆེ་ཞུ།  དགའ་འོས་པ་ཞིག་མཐོང་སོང་དུས་རྟག་ཏུ་ཀློག་བཞིན་ཡོད་དགའ་བསུ་ཡོད།

  2. བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་གྱི་ཁ་ཕྱོགས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་བཞིན་འདུག དུས་བབ་ཚང་གི་རྩོམ་སྒྲིག་པ་གཙོ་བྱས་ཏེ་མགོ་ལས་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། མུ་མཐུད་དུ་ཆབ་སྲིད་ཀྱི་གནད་ལ་འཇུས་ཏེ་དོན་ལྡན་གྱི་གསར་འགྱུར་གང་མང་མང་སྤེལ་རྒྱུ་ཐུགས་རྗེ་ཆེ།

  3. ཀློག་རིན་ཡོད་པའི་གསར་འགྱུར་ཞིག་རེད་འདུག ད་ལྟའི་རྒྱ་ནག་ལ་མཚོན་ན་རིག་གནས་གསར་བརྗེ་ལ་ནག་འགེལ་བྱ་རྒྱུ་ནི་དེ་ཙམ་གལ་ཆེན་པོ་མ་རེད་ཟེར་བ་དང་། དེང་སྐབས་རིག་གནས་གསར་བརྗེ་ལས་ལྷག་གི་སྒེར་གྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་རྐྱེན་པས་རྒྱ་ནག་མི་མང་གིས་རིག་གནས་གསར་བརྗེ་བསྐྱར་དུ་གླེང་འདོད་མེད་པ་དངོས་ཡོད་གནས་ཚུལ་རེད། གནད་དོན་འདི་ལ་ང་ཚོའི་བོད་པ་ཚོས་ཀྱང་བསམ་གཞིག་བྱེད་དགོས་པ་ཞགི་རེད།