སྲིད་ཇུས་གུ་ཡངས་དེ་དམར་ཤོག་ཚོགས་པའི་སྲིད་དབང་ཉམས་རྒུད་ལ་ངོས་འཛིན།

david_shambaugh_-_chinas_futureཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་སྐུ་ཞབས་ཤཱམ་བྷུག་ (Shambaugh) ལགས་སུ་བཅར་འདྲི་ཞུས་ཏེ། ལེ་ཉེན་རིང་ལུགས་ཀྱི་འཕེལ་འགྲིབ་དང་འབྲེལ་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ཆབ་སྲིད་ལམ་ལུགས་དང་། རྒྱ་ནག་གི་མ་འོངས་ལམ་ཕྱོགས་བཅས་ལ་གླེང་མོལ་བྱས་པ་འདིར་བོད་བསྒྱུར་བྱས་ཡོད།

དྲི་བ། དམག་དཔོན་ཆེན་མོ་ན་ཕོ་ལིན་ (Napoleon) གྱི་དབང་བསྒྱུར་དུས་སྐབས་ནས་བཟུང་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དོ་སྣང་སྤྲོད་བཞིན་ཡོད་པ་ལྟར་ད་ལྟ་ང་ཚོས་རྒྱ་ནག་ལ་དོ་སྣང་ཇི་ལྟར་བྱེད་དགོས་སམ།

ལན། མི་སུས་ཀྱང་གསལ་བོར་རྟོགས་དཀའ་ཡང་། མ་མཐར། རྒྱ་ནག་གི་ཤེས་ཡོན་པ་ཚོས་རྟོགས་དཀའ་བའི་གནད་དོན་དེ་དག་ལ་དཔྱད་ཞིབ་གཏིང་ཟབ་མོ་དགོས་པ་ཞིག་དང་། ལྷག་པར་དུ་རྒྱ་ནག་གི་སྲིད་འབྱོར་འཕེལ་རྒྱས་ཀྱི་སྐབས་འདིར་གནད་དོན་དེ་དག་ཧ་གོ་དགོས་པ་གལ་འགངས་ཆེན་པོ་རེད། རྒྱུ་མཚན་རྒྱ་ནག་ནང་ཧ་ཅང་རྟོགས་དཀའ་བ་དང་བློ་ཡུལ་ལས་འདས་པའི་རྩོད་རྙོག་མང་པོ་འབྱུང་བཞིན་ཡོད་པ་རེད།

དྲི་བ། ཁྱེད་ཀྱིས་ལེ་ཉེན་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་དག་གིས་དུས་ཡུན་རིང་བོར་སྲིད་དབང་སྒེར་འཛིན་བྱེད་མི་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད་པ་བདེན་ནམ། སྔོན་ཆད་ཀྱི་སོ་བེ་མཉམ་འབྲེལ་རྒྱལ་ཁབ་ (Soviet Union) དང་འདྲ་བར། ལེ་ཉེན་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་ཁག་གིས་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་སྒེར་འཛིན་ཐུབ་ཀྱི་ཡོད་པ་འདྲ། དེར་བརྟེན། ཐའེ་ཝན་མཚོ་འགག་ལྟར་ལེ་ཉེན་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་ཁག་བཅོས་བསྒྱུར་དང་གུ་ཡངས། ཉམས་རྒུད་བཅས་ཀྱི་ཁྲོད་ཞི་ལྷིང་ཡོང་གི་རེད།

ལན། ལོ་རྒྱུས་ཡིག་ཚགས་ནང་ལེ་ཉེན་རིང་ལུགས་ཀྱི་སྲིད་གཞུང་ཁག་གི་ཁྲིམས་མཐུན་དང་སྲིད་དབང་། རྒྱུན་གནས་བཅས་ཀྱི་གོ་སྐབས་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ལས་ཉུང་བ་ཡིན་པ་གསལ་བོར་བསྟན་འདུག་ལ། ངས་དེར་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད། ལྷག་པར་དུ་ཁྱེད་རང་གིས་བཤད་པ་ལྟར། ལེ་ཉེན་རིང་ལུགས་ཀྱི་ལམ་དུ་སྐྱོད་པའི་རྒྱ་ནག་གཞུང་གི་བཟོ་ལས་དཔལ་འབྱོར་ཡར་རྒྱས་དེ་ཕྱི་ལོ་ ༡༩༨༠ ལོའི་ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་ཡར་རྒྱས་ཀྱི་རྣམ་པ་ལྟ་བུ་ཞིག་རེད། ལྷོ་ཀོ་རི་ཡ་དང་ཨེ་ཤ་ཡའི་དམངས་གཙོའི་རྒྱལ་ཁབ་ཁག་དང་འདྲ་བར། དེང་སྐབས་ཆབ་སྲིད་ཐད་ནས་ཐའེ་ཝན་མཚོ་འགག་རང་དབང་དམངས་གཙོའི་ལམ་དུ་སྐྱོད་ཀྱིན་ཡོད་པ་དང་། ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། དེར་བརྟེན། དེ་རིང་རྒྱ་ནག་གི་གནད་དོན་གཙོ་བོ་སྲིད་ཇུས་གུ་ཡངས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའམ། ཡང་ན། དཔལ་འབྱོར་དང་སྲིད་དབང་སྒེར་འཛིན་གྱི་གནས་བབ་འོག་རང་སོར་ལྷག་རྒྱུ་དེ་གཉིས་རེད།

དྲི་བ། དེས་ན་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འཕེལ་རྒྱས་ལ་སེམས་ཁྲལ་དེ་ཙམ་དགོས་ཀྱི་མེད་པ་རེད་དམ། ཕལ་ཆེར་རྒྱ་ནག་གི་དཔོན་རིགས་ཚོར་མཁོ་བ་དེ་དམག་དཔུང་རྒྱ་བསྐྱེད་པ་དང་། ཕྱིའི་སྲིད་ཇུས་དང་རྟོགས་ཞིབ་ལ་བརྟེན་ནས་འགལ་འདུ་སྔོན་འགོག་བྱེད་རྒྱུ་དེ་ཡིན་པ་འདྲ། དེ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཐུབ་བམ།

31CHINASHAMBAUGH-master768ལན། རེད། ངའི་དཔེ་དེབ་<<རྒྱ་ནག་གི་དཔལ་འབྱོར་གོ་ལ་ཡོངས་ཁྱབ་>><< China Goes Global>> ཅེས་པའི་ནང་ངས་རྒྱ་ནག་གི་སྲིད་དབང་དེ་རྒྱལ་ཡོངས་རང་བཞིན་ཞིག་མ་ཡིན་པར་ཕྱོགས་གཅིག་གི་དབང་བསྒྱུར་ཞིག་ཡིན་པར་གླེང་ཡོད་ལ། དཔེ་དེབ་དེའི་ནང་རྒྱ་ནག་གི་ཕྱིའི་རྣམ་པ་ཙམ་ལ་དཔྱད་པ་ཙམ་བཏང་བ་ཡིན། <<རྒྱ་ནག་གི་འབྱུང་འགྱུར་>><< China’s Future>>ཞེས་པའི་དཔེ་དེབ་གསར་བ་འདིའི་ནང་ངས་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་གནད་དོན་ལ་དཔྱད་པ་བཏང་ཡོད། རྒྱ་ནག་གི་དབང་ཤུགས་དང་དེའི་འབྱུང་ཁུངས་ལ་རྟགས་དཔྱད་ལེགས་པོར་བཏང་བ་ཡིན་ན། ངས་རྒྱ་ནག་དམར་ཤོག་ཚོགས་པའི་སྟོབས་ཤུགས་ལས་ཀྱང་ཉམས་ཞན་མང་དུ་མཐོང་གི་འདུག དེར་བརྟེན་<<རྒྱ་ནག་གི་འཕེལ་རྒྱས་>><<China rise>>ཞེས་པའི་དཔེ་དེབ་དེས་ང་ལ་དོགས་པ་ཆེན་པོ་ཞིག་བསྐྱེད་བྱུང་། རྒྱུ་མཚན། ངས་བལྟས་ན་དཔེ་དེབ་དེའི་ནང་རྒྱ་ནག་གི་སྟོབས་ཤུགས་འུད་བརྗོད་བྱས་ཡོད་པ་ཙམ་ལས་རྒྱ་ནག་གི་ཉམས་ཞན་གང་ཡང་གླེང་མི་འདུག་སྙམ་ཡོད།

དྲི་བ། དམར་ཤོག་ཚོགས་པ་དེ་སོ་བེ་མཉམ་འབྲེལ་རྒྱལ་ཁབ་ཀྱི་བྱུང་རབས་ལོ་རྒྱུས་ལྟ་བུར་སྣང་ཞིང་། དམར་ཤོག་ཚོགས་པས་རྒྱ་ནང་གི་དཔལ་འབྱོར་སོར་གནས་དང་སྲིད་དབང་ཉམས་རྒུད་སྣང་མེད་བཏང་སྟེ་བཅོས་བསྒྱུར་ལ་སྟ་གོན་བྱེད་ཀྱིན་འདུག བཅོས་བསྒྱུར་གྱི་དུས་རིམ་དེ་ནམ་ཞིག་ལ་མགོ་ཚུགས་ཤིང་མཇུག་རྫོགས་སྲིད་དམ།

ལན། <<རྒྱ་ནག་གི་འབྱུང་འགྱུར་>><<China’s Future>>ཞེས་པའི་དཔེ་དེབ་འདིའི་ནང་ངས་དེ་སྔོན་གྱི་དཔེ་དེབ་<<རྒྱ་ནག་དམར་ཤོག་ཚོགས་པའི་ཉམས་རྒུད་དང་བབ་བསྟུན་>><<China’s Communist Party: Atrophy and Adaptation>>ཞེས་པའི་ནང་བསྟན་ཡོད་པ་ལྟར། རྒྱ་ནག་གི་ཆབ་སྲིད་ཉམས་རྒུད་དེའང་ལེ་ཉེན་རིང་ལུགས་ཀྱི་སྲིད་གཞུང་ཁག་གི་ཟློག་ཏུ་མེད་པའི་གོ་རིམ་ཞིག་ཡིན་པ་ངས་ཁུངས་སྐྱེལ་བྱས་ཡོད། ༡༩༩༡ ལོར་སོ་བེ་མཉམ་འབྲེལ་རྒྱལ་ཁབ་དང་དམར་ཤོག་ཚོགས་པ་གཉིས་དུས་གཅིག་ཏུ་ཉམས་རྒུད་མ་བྱུང་བའི་སྔོན་དང་། ཕྱི་ལོ་ ༡༩༦༤ ལོར་སོ་བེ་མཉམ་འབྲེལ་རྒྱལ་ཁབ་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བྷ་རི་ཙ་ན་ (Brezhnev) ཡིས་ སོ་བེ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆབ་སྲིད་པ་ཁ་རུ་ཤཱ་ཆིབ་ (Khrushchev) གནས་དབྱུང་བཏང་བའི་རྗེས་སུ། སོ་བེ་རྒྱལ་ཁབ་དེ་མི་ལོ་ ༢༧ རིང་ཉམས་རྒུད་ཁྲོད་ལྷུང་བ་རེད། ཆབ་སྲིད་པ་ཁ་རུ་ཤཱ་ཆིབ་ཀྱིས་སྐབས་དེའི་སི་ཏ་ལིན་ལེ་ཉེན་རིང་ལུགས་ཀྱི་ལམ་ལུགས་བཅོས་བསྒྱུར་ལ་སྟ་གོན་བྱས་ཀྱང་། སྤྱི་ཁྱབ་དྲུང་ཆེ་བྷ་རི་ཙ་ན་ཡིས་སི་ལིན་མཉམ་འབྲེལ་རྒྱལ་ཁབ་དེ་སྔོན་ཆད་ཀྱི་དཔོན་དབང་སྲིད་གཞུང་གི་དུས་སྐབས་སུ་སྣེ་ཁྲིད་པ་རེད། སོ་བེ་མཉམ་འབྲེལ་རྒྱལ་ཁབ་ཀྱི་གཙོ་འཛིན་གྷོར་བྷ་ཆིབ་ (Gorbachev) ཀྱིས་སྲིད་ལུགས་བཅོས་བསྒྱུར་ལ་སྟ་གོན་བྱས་ནའང་སྐབས་དེར་ཡོད་ཚད་ཕྱིས་དྲགས་པ་རེད།

ཏིན་ཞོ་ཕེན་གྱིས་གནད་དོན་དེ་གསལ་བོར་ཤེས་ཀྱི་ཡོད་སྟབས། ཁོས་ཕྱི་ལོ་ ༡༩༨༠ ལོར་ཀྲུའུ་ཡོང་ཁཱང་དང་ཧུའུ་ཡོ་པང་གཉིས་ཀྱི་གནད་དོན་ཐག་བཅད་པ་རེད། ཡིན་ནའང་དམར་ཤོག་ཚོགས་པ་ནང་ཁུལ་འགྲིག་མཐུན་མ་བྱུང་བར་བརྟེན་ཏེ། ཕྱི་ལོ་ ༡༩༩༨ ལོའི་བར་དུ་རྒྱ་ནག་གི་སྲིད་ཇུས་བཅོས་བསྒྱུར་མ་ཐུབ་པ་དང་། རྒྱ་ནག་གི་སྲིད་ཇུས་བཅོས་བསྒྱུར་མགོ་བཙུགས་ཏེ་ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ ལོའི་བར་མི་ལོ་བཅུ་ཕྲག་ཅིག་རིང་རྒྱུན་འཁྱོངས་བྱས་པ་རེད། དམར་ཤོག་ཚོགས་པ་ནང་ཁུལ་ལ་འགལ་འདུ་བྱུང་བ་ནས་བཟུང་། རྒྱ་ནག་གི་སྲིད་དབང་ཉམས་མགོ་བཙུགས་པ་རེད། ཡིན་ནའང་དེ་ནི་རྒྱ་ནག་རྩ་བ་ནས་ཉམས་ཉེན་ཆེ་བའི་གོ་དོན་མ་ཡིན་པར། སྔོན་ཆད་དང་ལྟ་ད་གཉིས་བསྡུར་ན། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དེ་བར་བརྒལ་ཞིག་ཏུ་བསྡད་ཡོད།

དྲི་བ། དེས་ན་གནད་དོན་དེ་ཞི་ཅིན་ཕིན་གྱིས་སྲིད་དབང་མ་བཟུང་སྔོན་ནས་མཇུག་སྒྲིལ་ཡོད་དམ། གལ་ཏེ་དེ་འདྲ་ཡིན་ན། ནམ་རྒྱུན་ཞི་ཅིན་ཕིན་གྱིས་ཅིའི་ཕྱིར་གནད་དོན་དེ་ཉེན་ཁ་ཞིག་ཏུ་འགྲེལ་བརྗོད་བྱེད་ཀྱིན་ཡོད་དམ།

ལན། གནད་དོན་དེ་ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༢ ལོར་སྲིད་དབང་མ་བཟུང་སྔོན་ནས་མགོ་བཙུགས་པ་གསལ་བོ་རེད། ཞི་ཅིན་ཕིན་ཁོ་རང་ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ ལོར་དེ་སྔའི་མི་ལོ་བཅུ་ཕྲག་རིང་ལག་བསྟར་བྱས་པའི་གུ་ཡངས་སྲིད་ཇུས་དེ་མཇུག་བསྒྲིལ་དགོས་པར་ཐག་གཅོད་བྱེད་མཁན་གཙོ་གྲས་ཤིག་ཡིན་པ་སྨོས་མ་དགོས་པ་རེད། གང་ལྟར། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ཞི་ཅིན་ཕིན་གྱིས་གོ་གནས་ལ་དམིགས་ཏེ། དམར་ཤོག་ཚོགས་པའི་ཆབ་སྲིད་སྡེ་ཁག་རིམ་པར་སྟངས་འཛིན་བྱེད་བཞིན་ཡོད་པ་ང་ཚོས་ཁུངས་སྐྱེལ་ཐུབ་པ་ཞིག་རེད།

དྲི་བ། སྔོན་མའི་དཔེ་དེབ་ཅིག་གི་ནང་ཁྱེད་ཀྱིས་ཞི་ཅིན་ནི་བཅོས་སྒྱུར་མཁན་ཞིག་མིན་ཚུལ་བྲིས་འདུག ཁྱེད་ཀྱིས་སྡོམ་ཚིག་དེ་འདྲ་བཀོད་པའི་རྒྱུ་མཚན་ག་རེ་ཡིན་ནམ།

ལན། དེའི་རྒྱུ་མཚན་ནི། ཞི་ཅིན་ཕིན་གཅིག་པུ་ཙམ་མ་ཟད། ངས་རྒྱ་ནག་གི་དཔོན་ཉམས་རིང་ལུགས་ཀྱི་སྲིད་གཞུང་གི་ཆབ་སྲིད་ཧ་གོ་བས་ཡིན། དེར་མ་ཟད། ང་ལ་ཞི་ཅིན་ཕིན་གྱི་རྒྱུད་ན་སྲིད་ཇུས་གུ་ཡངས་ཀྱི་ཕུགས་འདུན་ཞིག་རྩ་ནས་མེད་པའི་ཚོར་སྣང་བྱུང་། ཞི་ཅིན་ཕིན་གྱི་ཤེས་འཇོན་ནུས་པ་དང་ཆབ་སྲིད་གོ་རྟོགས་དེ་དུས་རབས་ཉེར་གཅིག་སྔོན་གྱི་དབང་བསྒྱུར་དུས་སྐབས་ལས་བྱུང་བ་རེད་ལ། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཞི་ཅིན་ཕིན་གྱིས་སྲིད་ཇུས་ལྷོད་ཡངས་མ་བཏང་སྔོན་ལ་དྲག་གནོན་བྱེད་པ་དང་། དེའི་རྗེས་ཡང་བསྐྱར་གུ་ཡངས་གཏོང་སྲིད་པའི་ལྟ་ཚུལ་འདོན་གྱི་འདུག ཡིན་ནའང་ངས་དེ་ལ་ཡིད་ཆེས་བྱེད་ཀྱི་མེད། རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པ་ནང་ཁུལ་དུ་བཅོས་སྒྱུར་གཏོང་མཁན་ཚོར་འགོག་རྐྱེན་བཟོ་མཁན་མི་ཉུང་བ་ཞིག་ཡོད་པ་མངོན་གསལ་ཡིན་ཡང་། ཞི་ཅིན་ཕིན་དང་རྒྱ་ནག་གི་དཔོན་རིགས་ཚོས་སྲིད་ཇུས་གུ་ཡངས་དེ་དམར་ཤོག་ཚོགས་པའི་སྲིད་དབང་ཉམས་རྒུད་ཀྱི་ལམ་ཕྱོགས་ཤིག་ཏུ་ངོས་འཛིན་དང་འཇིགས་སྣང་བྱེད་ཀྱིན་ཡོད།

དྲི་བ། རྒྱ་ནག་གི་ཆབ་སྲིད་ལ་ལྟ་ཞིབ་བྱེད་མཁན་ཚོ་རྒྱ་ནག་ལ་བློ་ཕམ་འབྱུང་གི་ཡོད་པ་འདྲ།

ལན། མང་པོ་ཞིག་གིས་རྒྱ་ནག་གི་སྲིད་ཇུས་གུ་ཡངས་ལ་དུས་ཡུན་རིང་བོར་རེ་ལྟོས་དང་ཕྱག་ལས་གནང་ན་ཡང་། དེ་ནི་ལས་བསླ་བོར་མངོན་འགྱུར་ཐུབ་ཡོད་པ་མ་རེད། ཕྱི་ལོ་ ༡༩༨༠ ལོ་ནས་ཨ་རིས་རྒྱ་ནག་གི་སྲིད་ཇུས་གུ་ཡངས་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་ཀྱང་། གནད་དོན་འགའ་ཞིག་གི་ཐོག་ཏུ་ང་ལ་མོས་མཐུན་མེད། ཨ་རིའི་འབད་བརྩོན་དེ་སྐབས་རེར་མགོ་འཐོམ་དྲན་འཁྲུལ་ལྟ་བུ་ཞིག་ཡིན་ནའང་། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་རིང་ཨ་རིས་རྒྱ་ནག་གི་སྲིད་ཇུས་གུ་ཡངས་ཡོང་ཐབས་ལ་འབད་བརྩོན་མང་པོ་བྱས་ཡོད་པ་མ་ཟད། ཉེ་ཆར་ནས་བཟུང་རྒྱ་ནག་ལ་ཞེ་ལོག་སྟེ་རེ་བ་ཟད་པའི་རྒྱུ་མཚན་གཞན་མང་པོ་ཡོད་པ་དང་། དཀའ་རྙོག་དེ་དག་ནི་ཕྱིའི་ཁེ་ལས་སྡེ་ཁག་ལ་འཕྲད་པའི་མྱོང་བ་དང་རྒྱ་ནག་གི་དམག་ཤུགས་རྒྱ་བསྐྱེད་བཏང་པ། རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་འཛུགས་སྐྲུན་བྱས་ཏེ་དམག་དཔུང་གི་རྟེན་གཞི་བཙུགས་པ། གདུག་རྩུབ་ཆེ་བའི་ཕྱི་འབྲེལ་སྲིད་ཇུས་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག དེ་བཞིན། ཧོང་ཀོང་དང་གྲངས་ཉུང་མི་རིགས་གཞན་ཁག་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱས་པ་སོགས་རེད། རྒྱ་ནག་གི་དམ་དྲག་སྲིད་ཇུས་ལ་བརྟེན་ཏེ་ཨ་རིའི་རྒྱལ་ནང་དུ་དངོས་གནས་རྒྱ་ནག་ལ་བློ་ཕམ་འབྱུང་གི་ཡོད་པ་རེད།

དྲི་བ། ཕྱི་ལོ་ ༡༩༧༠ ལོ་ནས་ཁྱེད་རང་ལོ་རྟག་པར་རྒྱ་ནག་ལ་ཡོང་གི་ཡོད་པ་རེད། ད་ལྟའི་རྒྱ་ནག་གི་དུས་རིམ་འདི་སྔོན་ཆད་ཀྱི་དུས་རིམ་གང་དང་ཐག་ཉེ་བོ་འདུག་གམ།

ལན། འདས་པའི་མི་ལོ་ ༣༧ རིང་ངས་རྒྱ་ནག་གི་སྲིད་ཇུས་ཁ་ཕྱོགས་ལ་རྒྱུས་ལོན་བྱས་པ་ཡིན་ལ། སྐབས་རེར་ང་རྒྱ་ནག་ནང་རྒྱུན་རིང་པོར་བསྡད་པ་ཡིན། འདས་པའི་མི་ལོ་ ༣༧ རིང་གི་གནས་ཚུལ་མང་པོ་ཞིག་ཧ་གོ་སོང་ལ། དམིགས་བསམ་གྱིས་ཕྱི་ལོ་ ༡༩༨༠ ལོ་དེ་ཧ་ཅང་ཡག་པོ་ཡོད་པ་རེད། ཉི་མ་དེ་རིང་གི་རྒྱ་ནག་གི་གནས་སྟངས་འདི་ཕྱི་ལོ་ ༡༩༨༩ ནས་ ༡༩༩༢ ལོའི་བར་གྱི་དུས་སྐབས་དང་འདྲ་བོ་་རེད། ༼ ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་གྲོང་ཁྱེར་དུ་དྲག་ཆས་དམག་དཔུང་གིས་དམངས་གཙོའི་ལས་འགུལ་ཐོག་དྲག་གནོན་བྱས་པ་རེད༽ ཡིན་ནའང་ད་ལྟའི་རྒྱ་ནག་གི་དུས་སྐབས་འདི་སྐབས་དེའི་དྲག་གནོན་ལྟ་བུའི་སྡུག་ཅག་ཅིག་མ་རེད། སྐབས་དེར་པེ་ཅིན་གྲོང་ཁྱེར་དྲག་པོའི་སྲིད་གཞུང་གི་དབང་བསྒྱུར་འོག་ཡོད་སྟབས། ད་ལྟ་ལས་དྲག་གནོན་ཆེ་བ་ཡོད། ཡིན་ནའང་དེ་རིང་གི་རྒྱ་ནག་གཞུང་གི་སྲིད་ཇུས་ཁ་ཕྱོགས་དེ་ཕྱི་ལོ་ ༡༩༨༩ ནས་ ༡༩༩༢ ལོའི་དུས་སྐབས་ལ་ཕྱི་བཤོལ་བྱེད་ཀྱིན་འདུག

དྲི་བ། དེས་ན་ཕྱི་ལོ་ ༡༩༩༢ ལོར་ཏིན་ཞི་ཕེན་གྱི་དཔལ་འབྱོར་སྒོ་འབྱེད་སྐབས་ཀྱི་ “ལྷོ་རྒྱུད་སྐོར་སྐྱོད”ཞེས་པ་ལྟར། ད་ལྟའི་རྒྱ་ནག་གི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་རེ་བ་མཐོང་གི་འདུག་གམ།

ལན། དེ་རིང་གི་རྒྱ་ནག་ལ་བཅོས་བསྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་ཡང་། དེ་ཧ་ལམ་འབྱུང་མི་སྲིད་པ་ཞིག་རེད། ཕྱི་ལོ་ ༢༠༡༣ ལོའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཅོས་བསྒྱུར་འཆར་གཞི་ཁག་ལག་བསྟར་ཐུབ་ཡོད་པ་མ་རེད། དེ་ལའང་རྒྱུ་མཚན་མང་པོ་ཞིག་ཡོད་པ་རེད། ཕྱི་ལོ་ ༡༩༩༢ ལོ་དང་མི་འདྲ་བར་རྒྱ་ནག་གཞུང་གིས་འཕྲལ་དུ་དཔལ་འབྱོར་བཅོས་བསྒྱུར་གཏོང་རྒྱུ་ཁག་པོ་རེད། དཔལ་འབྱོར་བཅོས་བསྒྱུར་གཏོང་བར་ཆབ་སྲིད་ཀྱི་གལ་གནད་ཁག་བཅོས་བསྒྱུར་དང་ལྷོད་ཡངས་གཏོང་དགོས་པ་ཆགས་ཀྱི་ཡོད། དམར་ཤོག་ཚོགས་པས་བཅོས་བསྒྱུར་དེ་དག་ལག་ལེན་མ་བསྟར་བར་དུ། ཞི་ཅིན་ཕིན་གྱིས་སྲིད་དབང་ཅི་སྲིད་བར་བཟུང་བ་དེ་སྲིད་དུ་བཅོས་བསྒྱུར་གཏོང་སྲིད་ཀྱི་མ་རེད་ལ། སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐོག་འཆར་ཟིན་ཏུ་བཀོད་པའི་བཅོས་བསྒྱུར་ཁག་མངོན་འགྱུར་ཡོང་མི་སྲིད་པ་ཞིག་རེད་འདོད།

རྒྱ་ནག་གི་མ་འོངས་འཕོ་འགྱུར་ཐོག་གི་གཙོ་གནད་དེ་ཆབ་སྲིད་བཅོས་བསྒྱུར་ཐུབ་མིན་ལ་ཐུག་ཡོད་པ་རེད། དམར་ཤོག་ཚོགས་པས་ངེས་པར་དུ་སྲིད་དབང་སྒེར་འཛིན་ལས་གྲོལ་གཏོང་བྱེད་པའི་ཐབས་ཤེས་རྟོགས་དགོས་པ་དང་། འབྲེལ་ཡོད་དཔལ་འབྱོར་འདུ་འགོད་རང་སོར་ལྷག་པའི་དཀའ་རྙོག་དང་སྤྱི་ཚོགས་ཀྱི་རྣོ་ངར་ལྡན་པའི་གནོན་ཤུགས། ཆབ་སྲིད་ལམ་ལུགས་ཀྱི་ཉམས་རྒུད་བཅས་ནི་ཆབ་སྲིད་འཛིན་སྐྱོང་ལ་རག་ལས་ཡོད་པ་ཞིག་རེད།

ཟུར་མཆན། སྐུ་ཞབས་ཤཱམ་བྷུག་ (Shambaugh) ལགས་ནི་ཨ་རིའི་རྗོར་རྗི་ཝ་ཞིན་ཊོན་གཙུག་ལག་སློབ་ཆེན་ (George Washington University) གྱི་རྒྱལ་སྤྱིའི་གནད་དོན་དང་ཆབ་སྲིད་ཚན་རིག་གི་དགེ་རྒན་ཆེན་མོ་ཡིན་ཞིང་། ཁོང་གིས་རྒྱ་ནག་གི་དམག་དོན་དང་ཕྱི་འབྲེལ། དམར་ཤོག་ཚོགས་པ་དང་རྒྱ་ནག་གི་དཔོན་རིགས་སྣང་བརྙན་སྐོར་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་ ༣༠ ཙམ་རྩོམ་སྒྲིག་གནང་ཡོད་འདུག

མ་རྩོམ་འབྲེལ་ཐག http://www.nytimes.com/2016/05/31/world/asia/china-future-david-shambaugh.html?_r=0

གསར་འགོད་པ། པདྨ་རྒྱལ་གྱིས་བོད་བསྒྱུར་བྱས།

བསྐྱར་བཅོས།: ༢༠༡༦/༠༦/༠༥

Leave a Reply

One thought on “སྲིད་ཇུས་གུ་ཡངས་དེ་དམར་ཤོག་ཚོགས་པའི་སྲིད་དབང་ཉམས་རྒུད་ལ་ངོས་འཛིན།

  1. སྐུ་ཞབས་ཤན་བྷག་ལགས་ཀྱིས་དགོངས་ཚུལ་ཡག་པོ་གསུངས་འདུག་ཡིན་ན་ཡང་ངས་ལྟ་སྟངས་དང་རྒྱ་འགལ་ཆགསསོང་། གང་ཡིན་ཟེར་ན་ད་བར་རྒྱལ་སྦྱིའི་གནས་ཚུལ་ལ་ལྟས་ན་འབྱུང་འགྱུར་ལས་ཀ་གང་ཡིན་ཞིག་རུང་ཁོངསསྐྱེད་རབ་སྤྲད་གནང་ཡོད་པ་རེད། ད་བར་འཛམ་གླིང་ལ་འགྱུར་འགྲོས་ལ་གཟིགས་དང་ཉི་མ་རེ་རེ་བཞིན་འགྲོ་གི་ཡོད་དུས་རྒྱ་ནག་འཛམ་གླིང་གོ་ལ་འདིར་མི་སྡོད་འགྲོ་ས་གཞན་མེད་ཙང་མཐུན་ལམ་ལ་མི་འགྲོ་རང་འགྲོ་རེད། དེ་འདྲ་སོང་ཙམ་ཚོད་སྔ་ཕྱི་ཙམ་ལས་རྒྱ་ནག་ལ་འགྱུར་བ་འགྲོ་བ་ཆོས་ཉིད་རེད་དྲན་ནས་ཡོད།