རྙོག་མ་དྭངས་ཐབས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལོའི་འོས་བསྡུའི་ལས་རིམ་ནང་རྙོག་གླེང་མང་པོ་ཞིག་བྱུང་ཡོད་སྟབས། མ་འོངས་པར་དཀའ་རྙོག་དེ་དག་བསྐྱར་དུ་མི་འབྱུང་ཆེད་མང་ཚོགས་ཀྱིས་དགོངས་ཚུལ་གསུངས་རོགས་ཟེར། གནད་དོན་འདིའི་སྐོར་ངས་ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནང་གླེང་མྱོང་ཡོད་ལ། དེའི་སྔོན་ལ་རྩོམ་ཡིག་ཅིག་ཀྱང་སྤེལ་ཡོད། དེ་རིང་ཡང་བསྐྱར་ཐེངས་གསུམ་པ་གླེང་རྒྱུ་ཡིན།

ཆེད་འཛུགས་ཚོགས་ཆུང་དེས་མང་ཚོགས་ལ་དགོངས་ཚུལ་གསུངས་སའི་བརྗོད་གཞི་གཉིས་བཞག་ཡོད་པ་ནི། འོས་བསྡུའི་སྒྲིག་གཞིར་བསྒྱུར་བཅོས་གང་གཏོང་དགོས་པ་དང་། སྤྱི་སྒེར་སུ་ཐད་ནས་སྲིད་སྤྱིའི་འོས་མི་འདོན་ཕྱོགས་ཅི་དགོས་ཟེར་བ་འདི་རེད། གནད་དོན་གཉིས་ལས་སྔ་མ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱིས་བསྐུར་བའི་འགན་དབང་རེད་ལ། ཕྱི་མ་དེ་ཚོགས་གཙོ་གཞོན་གྱི་ལམ་སྟོན་ཡིན་ན་མ་གཏོགས་གྲོས་ཆོད་ཀྱི་དངོས་བསྟན་ཞིག་མ་རེད། འོན་ཀྱང་། གལ་སྲིད་དེའི་ཕྱོགས་ན་བོད་སྤྱི་བར་གནོད་གཞིའི་གནད་དོན་ཡོད་ན། འགན་དབང་སུས་བསྐུར་མིན་ལ་མ་ལྟོས་པར། ལེགས་བཅོས་དང་བོད་སྤྱི་བར་མི་གནོད་པ་ཞིག་བཟོ་སྟངས་ཡོད་ན་གྲོས་ཚོགས་ཀྱི་དགོངས་པ་དང་ཡང་མཐུན་པ་སྨོས་ཅི་དགོས།

འོས་བསྡུའི་ལས་རིམ་ཐོག་འགྱུར་བ་གཏོང་དགོས་ས་གཙོ་བོ་གསུམ་རེད། དང་པོ་བོད་མི་མང་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་དང་། གཉིས་པ་འོས་བསྡུའི་དེབ་སྐྱེལ་དང་དུས་ཡུན། གསུམ་པ། མང་ཚོགས་ཀྱིས་ཆ་ཤས་ལེན་སྟངས་སྐོར་རེད། གནད་དོན་དང་པོ་དེ་ཐེངས་འདིའི་ཆེད་འཛུགས་ཚོགས་ཆུང་གི་གསལ་བསྒྲགས་ནང་འཁོད་མི་འདུག་ལ། དེ་ཆེད་འཛུགས་ཚོགས་ཆུང་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་བརྒྱ་ཁ་གཅིག་གཅོད་ཀྱིས་ཐག་གཅོད་བྱས་ན་འོས་འཚམས་ཤིག་ཀྱང་མ་རེད། གནད་དོན་དེ་དག་ཐད་དུས་ཚོད་གང་འཚམ་བཏང་སྟེ། མང་ཚོགས་ཁྱོན་ཡོངས་ལ་བསམ་ཤོག་བསྡུ་རྒྱུ་དང་། དམིགས་བསལ་ཚོགས་ཆེན་བསྐོང་རྒྱུ། ཡང་ན་རྒྱལ་ཡོངས་ཚོགས་ཆེན་ལྟ་བུའི་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དེ། རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་མཚོན་ཐུབ་པའི་ཐག་གཅོད་ཅིག་གནང་དགོས།

སྲིད་སྤྱིའི་འོས་བསྡུའི་ལས་རིམ་ཁྲོད་དཀའ་རྙོག་སྣ་ཚོགས་འབྱུང་བཞིན་ཡོད་པ་དེ་འོས་བསྡུའི་སྒྲིག་གཞི་ཙམ་མ་རེད། མགོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་དཀའ་རྙོག་ཡོང་གཞིའི་ཡུར་བ་བཟོས་ཡོད་སྟབས། ཆུ་མགོ་ནས་རྙོག་ན་དྭངས་མེད་ཀྱི་དཔེ་ལྟར། བཅའ་ཁྲིམས་ནང་གི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་ཆ་དང་། རྒྱུན་ལས་ལྷན་ཚོགས་ཀྱི་གྲུབ་ཆར་བཅོས་བསྒྱུར་མ་བཏང་བར་སྤྱི་ཚོགས་ནང་གི་འཐེན་འཁྱེར་རྙོག་གྲ་འཇགས་ཐབས་མེད། གནད་དོན་འདི་སྲིད་སྤྱིའི་འོས་བསྡུ་ཙམ་མ་རེད། ད་ལོ་གྲོས་ཚོགས་ནང་སྤྱི་འཐུས་ཚོགས་གཙོ་གཞོན་དང་། བཀའ་བློན་འདེམས་སྟངས་སོགས་ལས་ཀྱང་ཆུ་རྒྱུན་རྙོག་མའི་ངོ་བོ་གསལ་བོར་མཐོང་ཐུབ།

སྤྱི་འཐུས་རྣམས་སྔོན་འགྲོའི་སྐབས་ཆོལ་ཁ་སོ་སོ་ནས་འོས་བླུགས་ཏེ་དངོས་གཞིའི་འོས་མི་ ༢༠ རེ་རྩེ་ཏོག་དང་། དངོས་གཞིའི་ནང་ཆོལ་ཁ་གསུམ་ཀས་འོས་བླུགས་ཏེ་རྩེ་ཏོག་ ༡༠ རེ་སྤྱི་འཐུས་སུ་བདམས་པ་ཡིན་ན། ཆོལ་ཁའི་ངོ་ཚབ་དང་བོད་སྤྱི་བའི་ངོ་ཚབ་གཉིས་ཀ་མཚོན་ཐུབ་པ་མ་ཟད། ཆོལ་ཞེན་བཅོས་མའི་སྤྱི་ཚོགས་དཀྲུག་པའི་ལམ་ཁ་དེའང་འགག་འགྲོ། གཉིས་པ། འོས་བསྡུའི་སྐབས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་འོས་བསྡུ་ལས་ཁང་། ས་གནས་འབྲེལ་ཡོད་སྒྲིག་འཛུགས་ཁག་མཉམ་རུབ་བྱས་ཏེ་དཔྱ་དངུལ་ལག་དེབ་ཀྱི་དུས་ཚོད་འཕར་འགྱངས་དང་འོས་བསྡུའི་དེབ་སྐྱེལ། འོས་ལྡུག་པ་གསུམ་དུས་མཉམ་དུ་བྱེད་ཐུབ་པ་བྱས་ན། མང་ཚོགས་ལ་སྟབས་བདེ་བ་མ་ཟད་དཔྱ་དངུལ་ལག་དེབ་བཟོ་མཁན་དང་འོས་བསྡུའི་ཆ་ཤས་ལེན་མཁན་མང་དུ་འགྲོ་བར་ཕན་ཐོགས་ཡོད། གསུམ་པ། བོད་མི་མང་སྤྱི་འཐུས་ལ་སྔོན་འགྲོ་དང་དངོས་གཞིའི་བར་ཟླ་གསུམ་བཞི་ལས་མེད་པ་དང་། སྲིད་སྐྱོང་ལ་སྔོན་འགྲོ་དང་དངོས་གཞི་དུས་མཉམ་བྱས་ཏེ། འོས་བསྡུའི་ལས་རིམ་ཡོངས་རྫོགས་ཟླ་བ་དྲུག་བདུན་ནང་མཇུག་རྫོགས་པ་བྱས་ན། སྤྱི་ཚོགས་ནང་གི་གླེང་རྙོག་ཉུང་དུ་འགྲོ་བར་ཕན་པ་མ་ཟད། སྤྱི་སྒེར་གཉིས་ཀར་ལས་ཀ་ཉུང་འཕྲི་དང་གཞུང་གི་མ་དངུལ་སྲི་ཚགས་ལའང་ཐུགས་ཕན་སོས་ངེས།།

བསྐྱར་བཅོས།: ༢༠༡༦/༠༦/༣༠

Leave a Reply