བརྡ་འཕྲིན་ནང་གི་ངོ་གདོང་།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

དེང་སྐབས་ཁ་པར་དང་གློག་ཀླད་ཀྱི་ཀློང་རྡོལ་ཅིང་། སྐད་འཕྲིན་དང་ངོ་དེབ་ཀྱི་རླབས་འཕྱུར་བ་དང་བསྟུན་ཏེ། བོད་ཕྱི་ནང་བར་དུ་སྤྱི་དོན་དང་སྒེར་དོན་གཉིས་ཀ་ཉིན་མཚན་མཐུད་དེ་གླེང་གི་འདུག ཁ་རྩོད་ཀྱི་ནང་ལ་ཞེ་རྩོད་བསྲེས་ཏེ་དྲ་དམག་རྒྱག་གི་འདུག བརྡ་འཕྲིན་བརྒྱུད་ལམ་སྟབས་ཇེ་བདེར་སོང་བ་དང་བསྟུན་ཏེ། བོད་ཕྱི་ནང་གི་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་ཀྱང་། སེམས་བསམ་པའི་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་ཞིག་ངམ་ངམ་ཤུགས་ཀྱིས་ཚོར་གྱིན་འདུག གནད་དོན་འདི་ཕྱོགས་ཆེ་ས་ནས་ཧི་མ་ལ་ཡའི་ཕར་ཚུར་མཐུན་སྒྲིལ་གྱི་ཕམ་ཉེས་ཤིག་དང་། ཆུང་ས་ནས་མི་སྒེར་བ་རེ་རེའི་གྲོགས་སྤུན་ཉེའི་བར་གྱི་མཛའ་བརྩེའི་གྱོང་གུད་ཅིག་རེད།

ཨ་རིའི་བརྡ་འཕྲིན་ཆེད་མཁས་པ་ཞིག་གིས་དེང་གི་བརྡ་འཕྲིན་འཕེལ་རྒྱས་འདིས་ཐག་ཉེ་ཡི་གྲོགས་པོ་ཐག་རིང་དུ་བསྐྱལ་ཞིང་། ཐག་རིང་གི་གྲོགས་པོ་ཐག་ཉེ་ལ་འཁྲིད་ཡོང་གི་འདུག་ཅེས་ལབ་པ་ལྟར། དུས་ཡུན་རིང་པོར་ངོ་མ་ཐུག་པ་དང་ས་ཐག་རིང་པོར་གནས་པའི་ཡུལ་དུས་ཀྱིས་བསྐལ་དོན་དུ་གྱུར་བའི་སྤུན་ཉེ་གྲོགས་པོ་ཚོ་བརྡ་འཕྲིན་གྱིས་བཀུག་སྟེ་མི་ངོ་ལྷ་ངོ་འཕྲད་བཞིན་ཡོད་ཀྱང་། བཙན་བྱོལ་ནང་གི་བརྡ་འཕྲིན་དར་རྒྱས་དང་སྤྱི་ཚོགས་ཀུན་སྤྱོད་དོ་མ་མཉམ་པའི་དབང་གིས། མི་རིགས་གཅིག་པ་དང་ལས་རིགས་གཅིག་པའི་བར་དུའང་ལྟ་བ་བསམ་བློའི་སྟོང་ཆ་ཤོར་ཏེ། བོད་ཕྱི་ནང་གི་མཐུན་སྒྲིལ་མཛའ་བརྩེ་རྒྱང་རིང་ལ་སྐྱེལ་བཞིན་པའི་སྣང་ཚུལ་ཞིག་ཟུར་མང་པོ་ནས་མངོན་ཡོང་གི་འདུག

སྟོང་ལོ་གསར་པའི་མགོར་རྒྱ་ནག་ནང་དྲ་འཕྲིན་དར་ཁྱབ་ཕྱིན་སྐབས། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་ངོ་དེབ་དང་སྐད་འཕྲིན་གྱི་རླབས་རྒྱུན་འཕྱུར་བ་ལྟར་ཡོ་ལང་ཆེན་པོ་བྱུང་བ་རེད། ད་ལྟ་ཕྱི་འདང་ཞིག་བརྒྱབ་ན། ཡག་སྡུག་གཉིས་ཐད་ནས་གླེང་རྒྱུ་ཡོད་མོད། སྐབས་དེར་རྒྱ་ནག་གི་ཁེའུ་ཁེའུ་དེས་སློབ་གྲྭའི་སློབ་མར་ཤེས་ཡོན་ཐོག་ནུས་པ་ཆེན་པོ་འཐོན་ཡོད་པ་མ་ཟད། གྲོང་ཁྱེར་ཁག་ཏུ་སྡོད་མཁན་བོད་རིགས་གཞོན་སྐྱེས་ཚོ་དང་། ཐ་ན་དགོན་པའི་གྲྭ་གཞོན་ཚོའི་རྒྱ་ཡིག་རྒྱ་སྐད་ཡར་རྒྱས་ཐད་ལའང་གྲུབ་འབྲས་ཆེན་པོ་འཐོན་ཡོད། དེ་ནི་དུས་རབས་སྔ་མའི་མཇུག་ཏུ་སྐུ་ཞབས་དོན་གྲུབ་རྒྱལ་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སོགས་ཀྱི་མི་རིགས་སྙིང་སྟོབས་དང་རིག་གནས་སྙིང་སྟོབས་ཀྱི་རྨང་གཞིའི་སྟེང་ལ་བརྡ་འཕྲིན་གྱིས་རམ་འདེགས་ཐེབས་པ་རེད།

སྤྱིར་བརྡ་འཕྲིན་གྱིས་མིའི་འབྲེལ་འདྲིས་དང་ཤེས་ཡོན་ལ་རོགས་འདེགས་ཐུབ་པ་མ་ཟད། རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ལའང་ནུས་པ་ཆེན་པོ་འདོན་ཐུབ་མོད། བཙན་བྱོལ་སྤྱི་ཚོགས་ནང་གི་ད་ལྟའི་བརྡ་འཕྲིན་འཕེལ་ཕྱོགས་འདིར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་འཐོན་བཞིན་ཡོད་པ་ནི། སྤྱི་དོན་ཁ་ཁྱེར་དང་སྒེར་དོན་ཁོག་བཅུག་བྱེད་མཁན་དག་གི་ཆབ་སྲིད་ཀྱི་ལག་ཆ་དང་ཕྱོགས་རིས་ཀྱི་སྒུལ་ཤུགས་ལ་བེད་སྤྱད་དེ། སྤྱི་ཚོགས་ན་གཏམ་དྲང་པོ་བཤད་མཁན་དང་། དོན་བདེན་པར་འཇུག་མཁན། བོད་སྤྱི་བ་བསམ་མཁན་དག་ཁ་དམག་གི་གཡུལ་སར་དེད་དེ་འབུར་འཇོམ་དང་རྨེག་མེད་གཏོང་ཐབས་ལ་འཆར་འགོད་བྱེད་པ་དེ་རེད།

སྤྱིར་དམངས་གཙོའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་། འདུ་ཚོགས་རང་དབང་སོགས་ནི། སྤྱི་ཚོགས་དེར་དམངས་གཙོ་ཡང་དག་ཡོད་མེད་ཀྱི་ཚད་ཐིག་ལྟ་བུ་དེ་ཡིན་ཡང་། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་སྐད་འཕྲིན་དང་ངོ་དེབ་སོགས་སུ་དྲ་དམག་རྒྱག་བཞིན་པ་འདིར་བཟང་ངན་གཉིས་ཐད་ནས་གླེང་སྟངས་ཡོད་མོད། ཁྱོན་ཡོངས་ནས་སྡུག་ཕྱོགས་ཀྱི་ནུས་པ་ཆེན་པོ་འཐོན་གྱིན་ཡོད་པ་དང་། དེ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཤེས་ཡོན་གནས་ཚད་གང་འཚམ་ལ་བསླེབས་ཡོད་ཀྱང་། བསམ་བློའི་ཀུན་སྤྱོད་ཀྱི་ཆུ་ཚད་ཀླད་ཀོར་འོག་ཟེགས་ཡོད་པའི་དྲ་དམངས་ཀྱི་བཙན་འཛུལ་འོག སྤྱི་ཚོགས་ལ་ཟིང་ཆ་དང་སྤྱི་དོན་ལ་བརྡབ་གསིག་གཏོང་གི་ཡོད་པ་ཁྱོད་རང་གི་ཁ་པར་དང་གློག་ཀླད་ངོས་ནས་གསལ་བོར་མཐོང་ཐུབ།།

བསྐྱར་བཅོས།: ༢༠༡༦/༠༧/༢༠

Leave a Reply