ཐང་གི་རྡོ་བླངས་ཏེ་རུམ་གྱི་བྲོ་ལྷུང་།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

མ་འོངས་པའི་སྐད་ཡིག་གི་འཆི་གསོན་ལ་ད་ལྟ་འགན་ལེན་དགོས།

སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་རེད་ཅེས་མི་རིགས་རང་གི་སྐད་ཡིག་ཤེས་མཁན་དང་མི་ཤེས་མཁན་ཚང་མས་བརྗོད་ཀྱི་ཡོད། ཡིན་ནའང་། རང་ཉིད་ཀྱི་སྲོག་རྩར་གྱུར་བའི་སྐད་ཡིག་དེ་དོན་ངོ་མར་བདག་པོ་ག་འདྲ་རྒྱག་ཐུབ་ཀྱི་ཡོད་མེད་གླེང་སྐབས། མི་རིགས་གཞན་གྱི་དབང་ཆའི་སིམ་འཛུལ་དང་ཆབ་སྲིད་ཀྱི་གནོན་ཤུགས། དཔལ་འབྱོར་གྱི་ཤུགས་རྐྱེན་སོགས་ལ་ཁ་ཁྱེར་ཏེ། རང་ཉིད་ཀྱི་ཁ་ལག་པ་གཉིས་ལའང་རང་དབང་མེད་པ་ལྟ་བུ་བརྗོད་བཞིན་པ་ནི་རྒྱུན་ལྡན་དུ་གྱུར་ཡོད་ལ། རྒྱུ་མཚན་དེ་དག་གཏན་ནས་མེད་པའང་མ་རེད།

ཡིན་ནའང་། གལ་སྲིད་མི་རིགས་ཤིག་གིས་རང་ཉིད་ཀྱི་སྐད་ཡིག་འཇིག་ཉེན་ལས་སྐྱོབ་འདོད་པའམ་ཡང་ན་མེ་རོ་ཙམ་དུ་གྱུར་བ་དེ་གསོ་འདོད་པ་ཡིན་ན། ཅིས་ཀྱང་བློས་གཏོང་ཆེན་པོ་ཞིག་དང་ཐབས་ལམ་ཡང་དག་ཅིག་འདེམས་དགོས་པ་རེད། ཉེ་སྔོན་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་གསུམ་དབུ་འབྱེད་བྱས་ཏེ་ཡུན་རིང་མ་འགོར་བར་བོད་ཕྱི་ནང་གཉིས་ནས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མི་མཐུན་པའི་ར་མགོ་ལུག་སྦྱར་དང་། མ་དག་པའི་ཁ་སྐད་རྒྱུན་འབྱམས་སུ་འགྲོ་བའི་ལམ་ལོག་བསྟན་པའི་སྐྱོན་བརྗོད་ཚད་མེད་བྱས་པ་མ་ཟད། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གཞི་རྐང་འཛུགས་མཁན་ཤེས་རིག་ལས་ཁུངས་ཀྱིས་ལོ་ངོ་སྟོང་ཕྲག་ནས་བརྒྱུད་ཡོང་བའི་མེས་པོ་ཚོའི་གསེར་གྱི་ཞབས་རྗེས་ལ་ཐལ་བ་བཏབ་སོང་ཞེས་བློ་ཕམ་གྱི་སྡུག་སྐད་འདོན་མཁན་ཡང་མང་པོ་བྱུང་སོང་། སྤྱིར་བཏང་མེད་པ་ལས་ཡོད་པ་དགའ་བས་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་བོད་ཡིག་བོད་སྐད་ཀྱི་གཞི་འཛིན་སའི་སློབ་དེབ་ཅིག་རྩོམ་སྒྲིག་གནང་ཐུབ་པ་བྱུང་བ་དེ། འབྲེལ་ཡོད་རྣམ་པས་དཀའ་ལས་བརྒྱབ་པའི་འབྲས་བུ་ཡིན་པས་བསྔགས་བརྗོད་ཞུ་འོས་པ་ཞིག་དང་ཡར་རྒྱས་ཀྱི་མགོ་འཛུགས་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཆོག་པ་རེད།

ཡིན་ནའང་། བྱིས་པའི་སེམས་རྒྱུད་ནི་དྭངས་གཙང་གི་ཤོག་བུ་དཀར་པོ་ཞིག་དང་མཚུངས་བས་ཤོག་བུ་དེའི་སྒང་ལ་ཚོན་མདོག་ཡག་པོ་ཞིག་གིས་རི་མོ་སྙིང་རྗེ་བོ་ཞིག་བྲིས་པ་ཡིན་ནའང་འབྲི་ཆོག་ཆོག་ཡོད་ལ། ཚོན་མདོག་མིག་ལ་གཟན་པོ་ཞིག་གིས་རི་མོ་མདོག་ངན་ཞིག་བྲིས་པ་ཡིན་ནའང་འབྲི་ཆོག་ཆོག་ཡོད་པ་རེད། བྱིས་པ་ཚོའི་ཆེས་ཐོག་མའི་བག་ཆགས་དེ་ནི་སོ་སོའི་མི་ཚེའི་ནང་གི་བག་ཆགས་ཆེས་ཟབ་ཤོས་དང་རྨང་གཞི་ལྟ་བུ་ཆགས་ཡོད་སྟབས། ང་ཚོས་བྱིས་པའི་བག་ཆགས་ཀྱི་ཐོག་མ་དེ་རྩ་ཆེར་བཟུང་ནས་ནོར་འཁྲུལ་མེད་པ་དང་། ཡ་ཡོ་ཀྱག་ཀྱོག་མེད་པར་ལམ་ཀ་དྲང་མོ་ཞིག་སྟོན་ཐུབ་དགོས་པ་དེ་ཕ་མ་དང་དགེ་རྒན། སྒྲིག་འཛུགས་བཅས་ཀྱི་གཡོལ་དུ་མེད་པའི་འོས་འགན་ཆགས་ཡོད།

ཐེངས་འདིར་པར་བསྐྲུན་བྱས་པའི་བོད་ཡིག་སློབ་དེབ་གསུམ་དེ་བོད་སྐད་ཡིག་གི་ཁོར་ཡུག་དང་རྒྱང་ཐག་རིང་བའི་ཕྱི་རྒྱལ་གྱི་བོད་རིགས་བྱིས་པ་ཚོ་བོད་སྐད་ཀྱི་ལམ་ལ་འཇུག་པའི་ཐོག་མའི་ལམ་སྟོན་ཡིན་གསུང་གི་ཡོད་པ་མ་ཟད། ས་གནས་ཀྱི་བོད་སྐད་ཡིག་གི་གནས་སྟངས་ལ་གཞིགས་ནས་རྩོམ་སྒྲིག་གནང་བ་ཡིན་ཞེས་འབྲེལ་ཡོད་ཚང་མས་གསུང་གི་འདུག ཡིན་ནའང་། ས་གནས་རེ་རེའི་སྐད་ཡིག་གི་གནས་སྟངས་ལ་བསྟུན་ཏེ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལ་གསར་གཏོད་རེ་རེ་བྱེད་དགོས་ན། མ་འོངས་པར་ཐ་ན་བོད་ཡིག་གི་འཕྲིན་ཐུང་ཞིག་ལ་ཞུ་དག་ཅིག་བྱེད་དགོས་ཀྱི་ཡོད་ནའང་གཞི་གང་ལ་འཛིན་དགོས་པ་རེད། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མི་མཐུན་ཞིང་། རྒྱུན་སྤྱོད་ཁ་སྐད་ནང་དུའང་གོ་ཐོས་དཀོན་པའི་ཚིག་གྲུབ་དང་ཚིག་གསར་བཟོས་པ་ཙམ་གྱིས་བོད་ཡིག་བོད་སྐད་ལ་འཇུག་བདེ་བར་ཕན་ཐོགས་ག་རེ་ཡོད་པ་རེད། མདོར་ན་ཕྲུ་གུ་ཚོས་གུང་གསེང་གི་དུས་ཚོད་སྐྱིད་པོ་དེ་བེད་སྤྱད་ནས་སྦྱངས་བའི་བོད་ཡིག་བོད་སྐད་རྣམས་མ་འོངས་པར་བཤད་ན་ནོར་བ་དང་། བྲིས་ནའང་ནོར་བསྡད་ཡོད་པ་ཤེས་ཚེ། ཁོང་ཚོའི་རང་གི་སྐད་ཡིག་ལ་བཅོལ་བའི་རེ་བ་ཆུང་ཆུང་དེའང་རྦད་དེ་བརླག་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་མེད་དམ། གང་ལྟར་ཐང་གི་རྡོ་བླངས་ཏེ་རུམ་གྱི་བྲོ་ལྷུང་བའི་དཔེ་རུ་མ་འགྲོ་བ་ཞིག་ད་ལྟ་ནས་གནང་དགོས་པ་དེ་ཧ་ཅང་གལ་གནད་དུ་གྱུར་འདུག

བསྐྱར་བཅོས།: ༢༠༡༦/༠༨/༡༠

Leave a Reply