ཆོས་སྲིད་ཟུང་གི་དམ་ཚིག་གཙང་མ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

འདས་པའི་ལོ་ཤས་རིང་༧གོང་ས་མཆོག་ལོ་ལྟར་ལ་དྭགས་སུ་ཆིབས་བསྒྱུར་སྐྱོང་གི་ཡོད། ལ་དྭགས་སུ་ཕེབས་བཞུགས་གནང་རྒྱུར་ཁོང་ཐུགས་ཧ་ཅང་མཉེས་པོ་གནང་གི་ཡོད་སྐད་ཐོས། ལ་དྭགས་ཀྱི་ས་བབ་གནམ་གཤིས་རང་བྱུང་ཁམས་ཀྱི་མཐུན་རྐྱེན་བོད་དང་འདྲ་ཞིང་། ལ་དྭགས་ནི་ནང་པའི་ཡུལ་ལུང་ཆེ་ཤོས་ཤིག་དང་། ༧གོང་ས་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུ་ཡུལ་ཞིག་ཡིན་པ་མ་ཟད། ལ་དྭགས་ཀྱི་དགོན་སྡེ་ཁག་གིས་༧གོང་ས་མཆོག་གི་བཀའ་དགོངས་ལྟར། ལོ་ཤས་གོང་ནས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། སློབ་གྲྭ་ཁག་ཏུའང་མཚན་ཉིད་རྩོད་པའི་ལམ་སྲོལ་འཛུགས་པ་སོགས་གནང་དང་གནང་བཞིན་ཡོད།

ཉེ་ལམ་༧གོང་ས་མཆོག་ལ་དྭགས་ཁྲིག་སེ་དགོན་པའི་དབྱར་ཆོས་ཆེན་མོའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་སྐབས། ཁྲིག་སེ་དགོན་པའི་དགོན་བདག་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་ནས་སྔོན་ཆད་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར། ཆོས་ལུགས་རིས་མེད་ཀྱི་མཁས་པ་གདན་འཛོམ་པའི་ཆོས་ཀྱི་བགྲོ་གླེང་ཆེན་མོའི་དབྱར་ཆོས་འདི་དབུ་འཛུགས་གནང་བ་དང་། དོལ་རྒྱལ་བསྟེན་མཚམས་བཞག་ཡོད་པ། མ་འོངས་པར་ཡང་ཁོང་གིས་ལམ་སྟོན་གང་གནང་དང་ལེན་ལག་བསྟར་ཞུ་རྒྱུ་ཡིན་པའི་དམ་བཅའ་བཞག་པ་སོགས་ནི། བླ་མའི་བཀའ་བཞིན་བསྒྲུབས་པ་མཆོད་པའི་མཆོག་ཡིན།

སྤྱིར་ལ་དྭགས་ཁུལ་དུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཤུགས་ཆེན་པོ་ཡིན་ལ། བོད་མི་སྐྱབས་བཅོལ་བ་མང་ཆེ་བ་སྟོད་མངའ་རིས་ཕྱོགས་ནས་ཡོང་བ་ཡིན་སྟབས་བཀའ་བརྒྱུད་དང་རྙིང་མ་ཤུགས་ཆེ། བོད་རིགས་ཁ་ཆེའི་སྤྱི་ཚོགས་ཀྱི་གནས་ཡུལ་ཡང་ལ་དྭགས་ཁུལ་ཁོ་ན་ཡིན་ཡང་། མི་རེ་ཟུང་མ་གཏོགས་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་མེད་པར་༧གོང་ས་མཆོག་ལ་དད་གུས་དང་། ཁོང་གི་སྤྱི་སྨིན་གྱི་དཀའ་སློབ་ཁག་ལ་བརྩི་བཀུར་དང་། ལག་ལེན་ཚུལ་བཞིན་བསྟར་མཁན་ཤ་སྟག་ཆགས་ཡོད།

ཉེ་ལམ་ཁྲིག་སེ་དགོན་དུ་༧གོང་ས་མཆོག་གིས་ “ལ་དྭགས་ལ་མཚོན་ན་ནང་པ་དང་ཁ་ཆེའི་བར་འབྲེལ་བ་ཡག་པོ་འདུག ཁ་ཆེའི་ནང་ལོགས་སུའང་ཤི་ཡཱ་དང་སོ་ནེ་འབྲེལ་བ་ཡག་པོ་ཡོད་པ་ཞིག་མཐོང་སོང་། དེ་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པའི་ནོར་བུ་རེད།” ཞེས་བསྔགས་བརྗོད་མཛད། བླ་མའི་བཀའ་བཞིན་བསྒྲུབ་པ་མཆོད་པའི་མཆོག་ཡིན་གསུངས་པ་ལྟར། འདི་ནི་དེང་སྐབས་ག་ས་གང་དུ་ཟང་ཟིང་གི་གྱ་སྟོན་སྲུང་གཙི་ཞུ་བཞིན་པ་ལས་ལྡབ་འགྱུར་གྱིས་རིན་ཐང་ཆེ།

ལ་དྭགས་ཡུལ་བ་ཚོས་༧གོང་ས་མཆོག་ལ་རྒྱལ་བ་རིན་པོ་ཆེ་ཞེས་དགའ་བ་དང་དད་པ། ཆེ་མཐོང་བྱེད་པ་དེ་ཆོས་དད་ཁོ་ན་ཙམ་མིན་པར་ལོ་རྒྱུས་རིན་ཐང་གི་ངོས་གཞན་ཞིག་ཀྱང་ཡོད། འདས་པོའི་ལོ་རྒྱུས་ཀྱི་བདེན་པ་དེ་སུས་ཀྱང་གསུབ་ཐུབ་མེད་པ་ལྟར། ལ་དྭགས་དེ་བོད་བཙན་པའི་མངའ་ཁོངས་སུ་གཏོགས་པའི་སྟོད་མངའ་རིས་སྐོར་གསུམ་གྱི་གྲས་ཡིན་པ་དང་། བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་རྗེས་ཀྱང་བཙན་པོའི་རྒྱུད་པ་འཁྲུལ་མེད་སྐྱིད་ལྡེ་ཉི་མ་མགོན་གྱི་མི་རྒྱུད་ཀྱིས་དབང་བསྒྱུར་སྐབས། སྟོད་ཀྱི་མགོན་གསུམ་ཞེས་ཡོངས་སུ་གྲགས་པའི་ཆོས་རྒྱལ་རིམ་བྱོན་གྱིས་ཆབ་འབངས་བྱམས་ཀྱིས་བསྐྱངས་པ་མ་ཟད། དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐབས་སུའང་འབྲེལ་བ་ཟབ་མོ་ཡོད་པའི་ཆོས་སྲིད་ཟུང་གི་དམ་ཚིག་གཙང་མའི་ཕྱི་ཕྱག་ཀྱང་ཡིན་ནོ།།

བསྐྱར་བཅོས།: ༢༠༡༦/༠༨/༢༢

Leave a Reply