རེ་དོགས་བར་གྱི་བོད་ཡིག

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྔོན་པས་རི་དྭགས་རྨས་མ་བདས།། ལ་ལ་བདའ་དུས་ཟིན་པར་རེ།། ཐུར་ལ་བདའ་དུས་འཆོར་བར་དོགས།། རེ་དོགས་ངང་ནས་ལ་ལུང་བརྒལ།།

ཟླ་འདིའི་ནང་བོད་ཡིག་ལ་རེ་བ་གཉིས་དང་དོགས་པ་གཉིས་བསླེབས། བྷར་རྫལ་ཨོ་ལིམ་ཕིག་མཇུག་བསྡོམས་རྩེད་རྭར་བོད་ཡིག་ནང་ལ་ “བཀའ་དྲིན་ཆེ” ཞེས་འཆར་བ་དེར། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོས་དགའ་སྤོབས་བྱས་པ་དེ་དང་། ཉེ་ལམ་བོད་ནང་ “ཡོངས་འཛིན” བོད་ཡིག་ཞིབ་བཤེར་མ་ལག་འཐོན་ཏེ། བོད་ནང་གི་བོད་མི་མང་པོ་ཞིག་གིས་བོད་སྐད་ཡིག་འཕེལ་རྒྱས་ཀྱི་གོམ་ཞེང་ཆེན་པོ་ཞིག་དང་། བོད་ཡིག་གི་སྒེའུ་ཁུང་ནས་འཛམ་གླིང་ལ་བལྟ་ཐུབ་རྒྱུར་རེ་བ་འཆིང་བ་འདི་གཉིས་རེད།

རེ་བ་དེ་གཉིས་དང་མཉམ་དུ་དོགས་པ་གཉིས་ཀྱང་ངང་གིས་བྱུང་། ཨོ་རྩེད་མཇུག་བསྡོམས་སྟེང་གི་བཀའ་དྲིན་ཆེ་དེ་བོད་ཡིག་ཡིན་ནམ། རྫོང་ཁ་ཡིན་ཞེས་དྲ་ལམ་ཁག་ཏུ་རྩོད་པ་རྒྱག་མགོ་བརྩམས་པ་དང་། ཡོངས་འཛིན་ཞིབ་བཤེར་མ་ལག་ལས་ཀྱང་ཏཱ་ལའི་བླ་མ་དང་བོད་རང་བཙན་སོགས་མཐོང་མ་ཐུབ་སྟབས། བོད་ཡིག་བརྒྱུད་ནས་འཛམ་གླིང་ལ་བལྟ་སའི་སྒེའུ་ཁུང་ཡིན་ནམ། འཛམ་གླིང་ཐོག་གནས་ཚུལ་རྣམས་ཚུར་རྒྱ་ནག་ནང་འགོག་བྱེད་ཀྱི་ལྕགས་རི་གང་ཡིན་འཁྲུན་ཐག་མ་ཆོད་པའི་དོགས་པ་དེ་གཉིས་རེད།

རེ་དོགས་གཉིས་ལས་སྔ་མ་བཀའ་དྲིན་ཆེ་ཞེས་པའི་ཡི་གེ་དེའི་མིང་ལ་བོད་ཡིག་ཟེར་ན་ཆོག་ལ་རྫོང་ཁ་ཟེར་ནའང་ཆོག དེ་སུ་ཞིག་གི་ཡི་གེ་ཡིན་པ་དང་དེའི་མིང་ལ་ཅི་ཞིག་ཟེར་བ་སོགས་གཙོ་བོ་མ་རེད། ཡི་གེ་དེ་བེད་སྤྱོད་གཏོང་མཁན་ཐོག་མ་སུ་དང་གང་ཡིན་པ་དང་། སུ་དང་གང་གིས་བཀའ་དྲིན་ཆེ་ཞེས་པའི་སྒྲ་གོ་ནས་དོན་རྟོགས་ཐུབ་པ་དེ་གཙོ་བོ་རེད་ལ་བདག་པོའང་དེ་རེད། བཀའ་དྲིན་ཆེ་དེའི་ཡིག་གཟུགས་དང་ནང་དོན་གཉིས་ཐད་ནས་རྒྱལ་བའི་བཀའ་བསྟན་དང་མཐུན་པའི་བསྟན་བཅོས་ཀྱི་སྐད་དེ་ཡིན་ན་བོད་མི་ཚོའི་འདོད་པ་ཁེངས་ཡོད།

འདིར་གནད་དུ་བཟུང་ནས་ཞུ་རྒྱུ་ཞིག་ནི། ཡོངས་འཛིན་ཞེས་པའི་བོད་ཡིག་འཚོལ་བཤེར་མ་ལག་དེའི་སྐོར་ཡིན། ཉེ་ལམ་དྲ་ཚིགས་ཐོན་མ་ཐག་བོད་ནང་གི་བོད་མི་ཚོས། ཧ་ཅང་སྟབས་བདེ་རབས་དང་སྣ་འཛོམ་ཚུལ། སྤུས་དག་ལུགས་སོགས་རྗོད་ཀྱི་ཡོད་ཀྱང་། བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ལམ་ཁག་དང་ཕྱི་ཕྱོགས་ཀྱི་བོད་པའི་ཆབ་སྲིད་མི་སྣ་ཁག་ཅིག་གིས་དྲ་ལམ་དེར་༧གོང་ས་མཆོག་དང་བོད་རང་བཙན་གྱི་བརྡ་ཐ་སྙད་རིགས་དང་། ཕྱི་ཕྱོགས་ཀྱི་དྲ་ཚིགས་སོགས་བཀག་བསྡོམས་བྱས་ཡོད་སྐོར་བརྗོད་དེ་འཁང་ར་བྱས་ཡོད་པ་རེད།

མདོ་དོན། གྷོ་གྷིལ་དང་ཝེ་ཀེ་སོགས་ཀྱི་དྲ་བའི་མཁྱེན་ཡོན་མ་རྟོགས་ཤིང་། དངོས་གྲུབ་མ་ཐོབ་པའི་བོད་ནང་གི་དྲ་མང་ལ་མཚོན་ན། ཡོངས་འཛིན་དྲ་ཚིགས་དེ་ཤེས་བྱའི་ཆུ་གཏེར་འཛིན་པའི་སློབ་དཔོན་ཆེན་པོ་ཞིག་དང་། དགོས་འདོད་ཀུན་འབྱུང་དང་འབད་མེད་ལྷུན་གྲུབ་ཀྱི་ནོར་བུ་རིན་པོ་ཆེ་ཞིག་ཡིན་ངེས་ལ། དེ་ལ་ཁ་གཏོང་མཁན་དང་ཁས་རྒྱག་མཁན་ཚོ་ལྟ་ལོག་གཏེ་ངན་དང་། དྲིན་ལན་ལོག་འཇལ་བྱེད་མཁན་དུ་མཐོང་སྲིད་མོད། དོན་གྱིས་ཡོངས་འཛིན་དེའང་ཐུགས་དག་རྒྱུད་གཙང་སྲིད་ཞིའི་མཐའ་ལས་སྐྱོབ་པའི་ནུས་པ་ལྡན་པའི་ཡོངས་འཛིན་ཞིག་མ་རེད།

ད་ལྟའི་རྒྱ་ནག་ནང་ཅི་ཙམ་འཕག་འཚག་བརྒྱབ་ཀྱང་ལྕགས་རི་རིང་མོ་ལས་བརྒལ་ས་མེད་པ་ལྟར། ཐེངས་འདིའི་ཡོངས་འཛིན་དེའང་བོད་མིའི་སེམས་ནང་གི་དགེ་བཤེས་དེ་མིན་པར། རྒྱ་ནག་ལྕགས་རིའི་ནང་གི་གླེགས་བམ་དམར་པོ་བསྣམས་པའི་ཁུང་ཙི་ཧམ་སེམས་ཅན་དེ་རེད་ལ། ཁོང་གི་ཐུགས་ཀྱི་ཡོན་ཏན་མ་ལུས་གྷོ་གྷིལ་དང་ཝེ་ཀེ་སོགས་ལས་མངོན་ནས་བསླངས་ཤིང་། ལྐོག་ནས་བརྐུས་པ་ཡིན་ཡང་མར་སྣོད་ལྡན་གྱི་སློབ་མར་ཟློ་སྐབས། མིད་པའི་ཕྲེང་ནས་བཙིར་ཞིང་མཆུ་ཡི་སྒོ་ནས་བཙགས་ཏེ། དེ་སྔ་ལྕགས་རི་རིང་མོར་མ་ཐར་བའི་བརྡ་དང་ཐ་སྙད་དྲ་ཚིགས་ཡོངས་རྫོགས་ཐེངས་འདིའི་ཁུང་ཙིའི་མགྲིན་པ་ནས་ཀྱང་ཐར་མེད་དོ།།

 

བསྐྱར་བཅོས།: ༢༠༡༦/༠༩/༠༡

Leave a Reply