སེམས་འཚབ་གསར་པ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་དྲུག་པ་དྷ་རམ་ས་ལར་ཉིན་གསུམ་རིང་ཚོགས་སོང་། ཆབ་སྲིད་ལ་དོ་སྣང་ཡོད་རིགས་དང་། བོད་དོན་ལ་སེམས་འཁུར་ཡོད་རིགས་ཚང་མས་མིག་རིག་རིག་དང་། ཨམ་ཅོག་ཀྲོང་ཀྲོང་གིས་གཞོན་ནུའི་ཚོགས་ཆེན་ལ་ཉན་ཡོད། དེ་ནི་འདས་པའི་ལོ་ཤས་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ལབ་གླེང་མང་པོ་བྱུང་བ་དང་། གཞོན་ནུའི་ས་གནས་ཁག་ཅིག་དབུས་གཞོན་ནུའི་ཁྱབ་ཁོངས་ལས་ལོགས་སུ་ཐོན་ཡོད་སྟབས། ཐེངས་འདིར་གཞོན་ནུའི་ནང་རྙོག་གླེང་ཐག་གཅོད་ཇི་ལྟར་བྱེད་མིན་དང་། སྐབས་བཅུ་དྲུག་པའི་རྒྱུན་ལས་སུ་ཞིག་ཕེབས་མིན་དེ་རེད།

གཞོན་ནུའི་ས་གནས་གཉིས་སླར་ཡང་ཟླ་བསྒྲིལ་ཐུབ་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་གླེང་རྙོག་གསར་པ་མ་བྱུང་བ་ནི་སྐབས་བཅོ་ལྔ་བའི་རྒྱུན་ལས་རྣམ་པས་འབད་བརྩོན་གནང་པའི་གྲུབ་འབྲས་ཤིག་དང་། དེ་ལས་ཀྱང་མཛུབ་མོས་བགྲང་རིན་ཡོད་པ་ནི་ཚོགས་བཅར་བ་ཡོངས་ལ་༧གོང་ས་མཆོག་གི་མཇལ་ཁ་རག་པ་དེ་རེད། ཕྱི་ཚུལ་ནས་བལྟས་ན་ད་རེབ་ཚོགས་འདུ་དེ་མགོ་འདྲ་ཆགས་པོ་ཞིག་བཙུགས་ཏེ། མཇུག་སྙིང་རྗེ་བོ་ཞིག་བསྡུས་སོང་མོད། དོན་གྱིས་གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་ཡོང་ཐབས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་གཏོང་ཐུབ་མེད་པ་མ་ཟད། མང་ཚོགས་ནང་སྔར་ལས་ལྷག་གིས་སེམས་འཚབ་དང་དོགས་པ་གསར་པ་ཞིག་བསླངས་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དོན་ཚན་དང་པོའི་ནང་གསེས་དང་པོར་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། དོན་ཚན་བཞི་པར་བོད་རང་བཙན་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། ནང་དོན་འདི་ཐོག་མ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་སྐབས་འཁོད་པ་རེད་ལ། སྐབས་དེར་༧གོང་ས་མཆོག་དང་སྐབས་དེའི་བོད་གཞུང་གི་བཞེངས་ཕྱོགས་ཀྱང་རང་བཙན་རེད། རྗེས་སུ་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་འཆར་བཏོན་པ་བཞིན་བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ཚུན་དུ། བོད་གཞུང་དམངས་གཉིས་ཀྱི་རྩ་དོན་འཐབ་རྩོད་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་ཆགས་ཡོད།

འདས་པའི་ལོ་ཤས་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ལབ་གླེང་མང་པོ་བྱུང་བ་དང་། གཞོན་ནུའི་ནང་ཁུལ་དུམ་བུ་གཉིས་སུ་གྱེས་པ་སོགས་ཀྱི་འབྱུང་རྐྱེན་གཙོ་བོ་དེ། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དོན་ཚན་དང་པོའི་ནང་གསེས་དང་པོ་དང་བཞི་བའི་བར་ནང་འགལ་ཡོད་མེད་དང་། གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་དེ་རེད། དོན་ཚན་དང་པོའི་ནང་༧གོང་ས་མཆོག་གི་བཀའ་དགོངས་ཐོག་བསྐྱོད་རྒྱུ་ཟེར་བ་དེར་རྩོད་པ་རྒྱག་མཁན་མེད་ལ། རྒྱག་སྟངས་ཀྱང་མི་ཤེས།

གཞོན་ནུའི་ཚོགས་ཆེན་གྱི་མཇུག་ཏུ་མང་ཚོགས་ལ་སེམས་འཚབ་གསར་པ་ཞིག་བསླངས་ཡོད་ཟེར་དོན་ནི། ཐེངས་འདིར་གཞོན་ནུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཐོག་བགྲོ་གླེང་གནང་སྐབས། གཞོན་ནུའི་སྒྲིག་གཞིར་ནང་འགལ་ཡོད་པའི་གླེང་ཕྱོགས་ཤུགས་ཆེན་པོ་ཡོད་བཞིན་དུ་ཚོགས་མི་མང་པོ་ཞིག་གིས་སྒྲིག་གཞི་བསྐྱར་བཅོས་མི་དགོས་པའི་རྣམ་འགྱུར་བསྟན་པ་དང་། ལྷག་དོན་དུ་ཚོགས་མི་ ༢༤ ཡིས་སྒྲིག་གཞི་དོན་ཚན་དང་པོའི་ནང་གསེས་དང་པོ་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་ཟེར་བ་དེར་བསྒྱུར་བཅོས་གཏོང་དགོས་པའི་འདོད་ཚུལ་བསྟན་པ་དེ་རེད། གལ་སྲིད་༧གོང་ས་མཆོག་གི་བཀའ་དགོངས་ཐོག་བསྐྱོད་རྒྱུ་མིན་ཟེར་མཁན་ཞིག་དང་། དེ་ལྟ་བུའི་སྒྲིག་གཞི་གཏན་འབེབས་བྱེད་མཁན་ཞིག་ཡོད་ན། དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་མི་སྲིད་ལ། དེ་ལྟ་བུའི་ཚོགས་པ་ཞིག་འུ་ཅག་བོད་པ་ཚང་ལ་དགོས་མཁོ་ཡང་མེད་དོ།།

བསྐྱར་བཅོས།: ༢༠༡༦/༠༩/༣༠

Leave a Reply