བོད་ནས་གསར་དུ་འབྱོར་བའི་དུས་དབང་ཞུ་མཁན་ཚོ་སྣེ་ལེན་ཁང་དུ་ཕེབས་ཤོག

དུས་འཁོར་དབང་ཆེན་སྐབས་བོད་ནས་གསར་དུ་འབྱོར་བའི་ཆོས་ཞུ་བ་རྣམས་ལ་སྣེ་ལེན་ཁང་གིས་སྡོད་གུར་ ༤༣༠ གྲ་སྒྲིག་གནང་བཞིན་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་སོགས་ན་ཡོད་པའི་བུ་ཕྲུག་དང་སྤུན་མཆེད་རྣམས་ཁོང་ཚོ་མཉམ་དུ་སྣེ་ལེན་ཁང་ནང་སྡོད་པར་ཁུངས་སྐྱེལ་ཡིག་ཆ་རེ་དགོས་ས་རེད།

IMG_2541གནས་མཆོག་རྡོ་རྗེ་གདན་གྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྐབས། དབུས་སྣེ་ལེན་ཁང་གིས་བོད་ནས་གསར་དུ་འབྱོར་བའི་ཆོས་ཞུ་བ་རྣམས་ལ་བཞུགས་གནས་སོགས་གོ་སྒྲིག་གནང་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་དབུས་སྣེ་ལེན་ཁང་གི་འགན་འཛིན་དཔལ་ལྡན་དོན་འགྲུབ་ལགས་སུ། བོད་ནས་གསར་དུ་འབྱོར་བའི་ཆོས་ཞུ་བ་ཚོར་སྡོད་གནས་གྲ་སྒྲིག་ག་འདྲ་གནང་བཞིན་ཡོད་པའི་སྐོར་བཅར་འདྲི་ཞུས་པ་ལྟར་ན། ད་ལྟའི་ཆར་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བ་ནས་སྤྱི་ལེ་(Kilometer) ༡ ལྷག་ཙམ་གྱི་སར་ཡོད་པའི་ཆུ་བོ་ནི་རཛྙ་ནའི་ཉེ་འཁྲིས་ཀྱི་དེ་སྔོན་སྣེ་ལེན་ཁང་གི་སྡོད་གུར་རྒྱག་ས་དེར་རང་འཇགས་རྒྱག་རྒྱུ་གཏན་འཁེལ་གནང་ཡོད་པ་དང་། མི་ ༥ ནས་ ༦ གུ་ཡངས་པོ་བྱས་ཏེ་བསྡད་ཆོག་པའི་སྡེ་ཚན་གསུམ་དུ་ཕྱེས་པའི་སྡོད་གུར་ཁྱོན་ ༤༣༠ དང་། གསང་སྤྱོད་ ༡༠༠། མི་ ༦ ནས་ ༧ གྱིས་གཟུགས་པོ་འཁྲུ་ས་ཡོད་པའི་འཁྲུས་ཁང་ ༣༠ ནས་ ༤༠ བར་རྒྱག་འཆར་ཡོད་ཀྱང་། ས་ཆས་འདང་བ་དང་དགོས་མཁོ་བྱུང་ཚེ་གྲངས་འབོར་མང་དུ་གཏང་རྒྱུ་ཡིན་འདུག

དེ་ཡང་སྣེ་ལེན་ཁང་གིས་གསར་དུ་འབྱོར་བའི་ཆོས་ཞུ་བ་རྣམས་ལ་ཟ་མ་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ག་འདྲ་སྦྱོར་གྱི་ཡོད་པའི་ཐད་ལ་འགན་འཛིན་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། ཉིན་གུང་ཚང་མ་གསུང་ཆོས་ཞུ་སར་ཕེབས་འགྲོ་བས་ཞལ་ལག་སྣེ་ལེན་ཁང་ལ་མཆོད་དུ་ཡོང་མཁན་མེད་ཀྱང་། ཞོགས་ཟས་ཚད་དང་ལྡན་པ་ཞིག་གོ་སྒྲིག་གནང་འཆར་ཡོད་པ་དང་། གལ་སྲིད་ཆོས་ཞུ་བ་མང་པོ་དགོང་དག་ཆུ་ཚོད་ ༦ པ་དང་ ༧ པ་ལ་སྡོད་གུར་དུ་ཏན་ཏན་ལོག་ཡོང་གི་ཡོད་པ་ཡིན་ན། དགོང་དག་གི་ཞལ་ལག་ཀྱང་གྲ་སྒྲིག་དགོས་མིན་ལྟ་རྒྱུ་ཡིན་ལ། གལ་ཏེ་མཆོད་མཁན་མེད་ན་ཞལ་ལག་བཟོས་ཀྱང་འཕྲོ་བརླག་ཏུ་འགྲོ་རྒྱུ་དང་། ཉེ་འཁོར་གྱི་རྒྱ་གར་ཉམ་ཐག་ཚོར་སྤྲོད་རྒྱུ་ཙམ་ལས་ཕན་ཐོགས་མེད་པ་དང་། དེ་བཞིན། སྨན་བཅོས་མཐུན་རྐྱེན་ཐད་བོད་ཀྱི་སྨན་རྩིས་ཁང་དང་འཕྲོད་བསྟེན་བཀའ་བློན་མཆོག་ལ་སྣེ་ལེན་ཁང་གི་སྡོད་གུར་ཡོད་སར་འཕྲོད་བསྟེན་སྨན་ཁང་འཛུགས་དགོས་སྐོར་ཞུས་ཡོད་པ་ལྟར། བོད་ལུགས་དང་ཕྱི་ལུགས་ཀྱི་འཕྲོད་བསྟེན་སྨན་ཁང་འཛུགས་རྒྱུ་གཏན་འཁེལ་བ་ཡིན་ལ། ད་ལྟའི་ཆར་གསར་དུ་འབྱོར་བའི་ཆོས་ཞུ་བའི་བཞུགས་གནས་ཀྱི་ཆུ་གློག་སོགས་རྒྱུན་ལྡན་ནས་འབུལ་གྱི་ཡོད་པའི་མཐུན་རྐྱེན་ཚང་མ་རོབ་ཙམ་གྲ་སྒྲིག་བྱས་ཚར་བ་ལྟ་བུ་ཡིན་སྐོར་བརྗོད་བྱུང་།

སྣེ་ལེན་ཁང་གི་ངོས་ནས་གསར་དུ་ཡོང་བའི་ཆོས་ཞུ་བ་རྣམས་ལ་འགྲུལ་བཞུད་ལམ་སྟོན་གྱི་ཞབས་ཞུ་དང་། དེ་བཞིན་རྡོ་རྗེ་གདན་ནས་ཉེ་འཁོར་གྱི་གནས་ཆེན་ཁག་ལ་གནས་སྐོར་དུ་འགྲོ་བར་སྣུམ་འཁོར་འཚོལ་རོགས་དང་སྣེ་ཤན་སོགས་ཀྱི་ཞབས་ཞུ་གནང་གི་ཡོད་མེད་འདྲི་སྐབས། སྔོན་མ་ཡིན་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྭང་བླངས་བ་རྣམས་ཀྱིས་ལྡི་ལི་དང་གྷ་ཡའི་མེ་འཁོར་འབབ་ཚིགས་སུ་ལམ་སྟོན་ཞབས་ཞུ་གནང་ཡོད་པ་དང་། སྣེ་ལེན་ཁང་གི་ངོས་ནས་སྔར་ལྟར་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཉེ་འཁྲིས་ཀྱི་སྣུམ་འཁོར་འབབ་ཚིགས་ནས་བསྒུག་འདུག་རྒྱུ་ཡིན་ལ། ཆོས་ཞུ་བ་མང་ཆེ་བ་མཚན་མོའི་ཆུ་ཚོད་ ༡༠ ནས་ ༡༢ ། དང་པོ་དང་གཉིས་པ་དེ་འདྲར་རྡོ་རྗེ་གདན་དུ་འབྱོར་གྱི་ཡོད་སྟབས། སྣེ་ལེན་ཁང་གི་ལས་བྱེད་བཞི་ཡིས་གཉིས་རེ་བྱས་ནས་རེས་མོས་ཀྱིས་སྣུམ་འཁོར་འབབ་ཚིགས་ནས་བསྒུག་སྟེ། ཆོས་ཞུ་བའི་ཅ་ལག་འཁུར་རོགས་དང་ལམ་ཀ་བསྟན་ཏེ་སྣེ་ལེན་ཁང་གི་བཞུགས་གནས་སུ་འཁྲིད་འགྲོ་རྒྱུ་ཡིན་ལ། ད་ལྟའི་ཆར་ལས་བྱེད་ཉུང་ཉུང་ཡིན་པས་སྣེ་ལེན་ཁང་རང་གི་ངོས་ནས་རྡོ་རྗེ་གདན་ནས་གནས་སྐོར་དུ་ཕེབས་མཁན་རྣམས་ལ་སྣུམ་འཁོར་འཚོལ་རོགས་སོགས་བྱེད་ཐུབ་རྒྱུ་ཁག་པོ་ཡིན་ཡང་། གལ་སྲིད་སྐད་སྒྱུར་བ་དང་སྣེ་ཤན་པའི་དགོས་མཁོ་བྱུང་ཚེ། སྤྱི་ཚོགས་ཞབས་ཞུ་ཞུ་མཁན་ཚོགས་པ་དང་སྐྱིད་སྡུག་མང་པོ་ཡོད་པས་དེ་ཚོར་སྣེ་ལེན་ཁང་གིས་འབྲེལ་བ་ཞུས་ན་ཏན་ཏན་འགྲིག་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།

རྒྱ་བལ་འབྲུག་གསུམ་གཙོས་ཕྱི་ན་ཡོད་པའི་བུ་ཕྲུག་དང་ཡང་ན་ཡུལ་ཕྱོགས་གཅིག་པ། དེ་བཞིན་ངོ་ཤེས་གྲོགས་པོ་སོགས་གསར་དུ་འབྱོར་བའི་ཆོས་ཞུ་བ་མཉམ་དུ་སྣེ་ལེན་ཁང་གི་སྡོད་གུར་ནང་འདུག་ཆོག་གི་ཡོད་མེད་དང་། འདུག་ཆོག་པ་ཡིན་ན་མི་གྲངས་ལ་ཚད་འཛིན་ཡོད་མེད་དྲིས་པར་ཁོང་གིས། སྔོན་མར་ཆོས་ཞུ་བ་རྣམས་རྒྱ་གར་ནང་ཡོད་པའི་སོ་སོའི་བུ་ཕྲུག་མཉམ་དུ་སྣེ་ལེན་ཁང་དུ་བསྡད་པ་བྱུང་ཡོད་པ་དང་། ང་ཚོར་དཀའ་ངལ་མང་པོ་འཕྲད་ཡོད་པ་རེད། གང་ཡིན་ཟེར་ན། བོད་ནས་ཡོང་མཁན་མི་གཉིས་ཀྱིས་རྒྱ་གར་ནང་འདུག་མཁན་མི་ལྔ་དྲུག་འཁྲིད་ཡོང་ན། ང་ཚོས་བོད་ནས་ཡོང་མཁན་ཚོར་དམིགས་པའི་བཞུགས་ས་དང་མཐུན་རྐྱེན་དེ་དཀོན་པོ་ཞེ་དྲགས་ཆགས་འགྲོ་ཡི་ཡོད་སྟབས། ཐོག་མའི་དམིགས་ཡུལ་ལྟར་འཐོབ་དགོས་ས་དེར་མ་ཐོབ་པར་གཞན་མང་པོ་ཞིག་གིས་ཧམ་པ་བྱས་ཏེ་འཚང་ཁ་བརྒྱབ་བསྡད་ན་དཀའ་ངལ་ཏན་ཏན་ཡོད་པ་རེད། ཡིན་ནའང་། ངའི་ཕ་མ་རེད། ངའི་སྤུན་མཆེད་རེད། ངའི་ནང་མི་རེད་མཉམ་དུ་བསྡད་ཀྱི་ཡིན་གསུང་ན་ང་ཚོས་བསྡད་ཆོག་གི་མ་རེད་ཅེས་ལབ་ཡ་མེད་ཀྱང་། ད་ལན་ཕ་མ་བུ་ཕྲུག་དང་ཡང་ན་སྤུན་མཆེད་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་ཞིག་འཁུར་ཤོག་ལབ་དགོས་ཁེལ་ས་རེད། དེ་མིན་ཕ་ཡུལ་གཅིག་པ་དེ་འདྲ་སྔོན་མ་ནས་འཇོག་སྲོལ་མི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply