བོད་ཕྱི་ནང་བར་གྱི་སྟོང་ཆ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ནང་གི་གཞོན་སྐྱེས་ཤེས་ཡོན་པ་ཞིག་གིས་བོད་ཕྱི་ལོགས་ཀྱི་ཤེས་ཡོན་ཅན་ཚོའི་སྐོར་ལ་སྐད་ཆ་རིང་པོ་ཞིག་བཤད་དེ་དྲ་ལམ་ཁག་ཏུ་ཁྱབ་བཞིན་འདུག ཁོས་བོད་ཕྱི་ལོགས་ཀྱི་ཤེས་ཡོན་པ་ཚོར་ཡོན་ཏན་ཆུང་ལ་ང་རྒྱལ་ཆེ་སྐོར་དང་། བོད་པ་ནང་ཁུལ་ལ་ཕྱོགས་རིས་འཐེན་འཁྱེར་ཆེ་ཚུལ་རྗོད་ཀྱིན་འདུག ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནང་དུའང་བོད་ནང་གི་བོད་མི་ཚོ་ཕྱི་ལོགས་ལ་རེ་བ་ཆད་ཀྱིན་ཡོད་སྐོར་ཞིག་དང་འབྲེལ་ཏེ། བོད་ཕྱི་ལོགས་ཀྱི་ཆབ་སྲིད་པ་དང་ཤེས་ཡོན་པ། གསར་འགྱུར་བརྒྱུད་ལམ་སོགས་ཀྱི་བཤད་སྤྱོད་སྐོར་མང་ཙམ་གླེང་སོང་།

བོད་ཕྱི་ནང་བར་ན་ཡིག་ཐོག་གི་རྩོམ་དང་ངག་ཐོག་གི་ཁ་བརྡ། དྲ་ཐོག་གི་མཆན་དང་ཁ་པར་ནང་གི་འཕྲིན་སོཊ་གང་ས་ཅི་ཐད་དུ། ལྟ་བ་ལངས་ཕྱོགས་མི་མཐུན་པའི་རྩོད་པ་ཞིག་ཤུགས་ཇེ་ཆེ་ནས་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དངོས་ཡོད་རེད། བོད་ནང་གི་བཤད་སྤྱོད་དང་བསམ་བློའི་འཁྱེར་ཕྱོཊ་བོད་ཕྱི་ལོགས་ནས་གནའ་སྔ་མོ་ནས་ཤེས་ཀྱི་ཡོད་ཀྱང་། བོད་ཕྱི་ལོགས་ཀྱི་བཤད་སྤྱོད་དང་བསམ་བློའི་འཁྱེར་ཕྱོགས་སོཊ་གཞི་ནས་བོད་ནང་ལོགས་ནས་ཧ་གོ་ནས་མཐིལ་བརྟོལ་བཞིན་འདུག

སྤྱི་ཚོགས་ཀྱི་འཕེལ་འགྱུར་ཁྲོད་དུ་བོད་ནང་གི་བོད་མི་ཚོ་ཕྱི་ལོགས་ལ་མ་དགའ་བ་ཆགས་བཞིན་པ་དང་། ཡིད་ཐང་ཆད་བཞིན་པའི་གནད་དོན་གཙོ་བོ་གཅིག་བོད་ཕྱི་ལོགས་ནས་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་ཕྱོགས་འཐེན་བྱེད་པའི་ཡམས་ནད་དེ་དང་། ཆབ་སྲིད་པ་རེ་ཟུང་གིས་སྡིངས་ཆ་ཡོད་ཚད་སྤྱད་དེ་སྒེར་དོན་བསྒྲུབ་པ་དང་། ཤེས་ཡོན་པའི་མིང་ཐོབ་ཡོད་མཁན་འགའ་རེས་ཀྱང་ཉིན་མོའི་མི་དང་མཚན་མོའི་འདྲེ། དྲ་ཐོག་གི་འབུ་བྱས་ཏེ་སྤྱི་ཚོགས་དཀྲུག་བཞིན་ཡོད་པ་འདི་དག་རེད།

བོད་ཕྱི་ལོགས་ཀྱི་ཆབ་སྲིད་པ་ཁ་ཤས་ལ་ཤེས་ཡོན་དང་བསམ་བློའི་གནས་ཚད་སྐྱོ་ཐག་ཆོད་པའི་སྟེང་ལ། སྒེར་གྱི་ཐོབ་དང་གོ་སའི་ཆེད་དུ་ཕྱོགས་རིས་འཐེན་འཁྱེར་གྱི་རྣམ་པ་སྟོན་ཐབས་བྱེད་པ་དང་། བོད་སྤྱི་དོན་ཐོག་གཡོ་སྒྱུ་ཟོག་རྫུ་དང་ཁྲལ་རྔན་སླ་བཅོས། མང་ཚོགས་ལ་མགོ་གཡོག་མགོ་སྐོར་གཏོང་བ་སོགས་ནི། བོད་ཕྱི་ནང་གང་ནས་བལྟས་ཀྱང་ཐ་ཤལ་གྱི་བྱ་སྤྱོད་ཡིན་པ་སྨོས་ཀྱང་ཅི་དགོས་མོད། བོད་ཕྱི་ལོགས་ཀྱི་ཤེས་ཡོན་པའི་བཤད་སྤྱོད་ནོར་འཁྲུལ་དུ་ལྟ་བ་དེར་ཕྱོགས་གཉིས་ཀར་ཞན་ཆ་ཡོད་པར་འདོད།
བོད་ནང་ན་ཤེས་ལྡན་པ་ཟེར་བར་ཐོབ་དང་གོ་ས་ཨ་འཐས་སུ་སོང་བ་ཞིག་ཡོད་པའི་ཚད་ཐིག་དེའི་སྟེང་བོད་ཕྱི་ལོགས་ཀྱི་ཤེས་ཡོན་པ་ཚོས་གཞལ་ཐུབ་མིན་གང་ལྟར་ཡང་། བོད་ནང་གི་ཤེས་ཡོན་པའི་གོ་ཐོབ་དེའང་གཡོན་ཐལ་ཆེ་བའི་སློབ་གསོ་ཞིག་གི་ཤུཊ་རྐྱེན་དང་། ཁོར་རྒྱ་ཆུང་བའི་སྤྱི་ཚོགས་ཤིག་གི་ཞན་ཆ་ཡོད་པ་སྣེ་དང་ཟུར་མང་པོ་ན་མིག་གིས་མཐོང་རྒྱུ་དང་ལག་པས་རེག་རྒྱུ་འདུག

བོད་ཕྱི་ནང་བར་གྱི་འགལ་འདུ་འདི་ངས་ལོ་བདུན་བརྒྱད་གོང་ནས་གླེང་མྱོང་ལ་བྲིས་ཀྱང་མྱོང་། བོད་ནང་གི་བོད་མི་ཚོས་བོད་ཕྱི་ལོགས་ཀྱི་གནས་ཚུལ་ཆ་ཚང་བ་ཤེས་ན་ཡག་པོ་འདུག ཡང་མིན་ན་གཅིག་ཀྱང་མ་ཤེས་ན་ཡག་པོ་འདུག  ཕྱེད་ཀ་ཤེས་ཏེ་ཕྱེད་ཀ་མ་ཤེས་ན་གོ་བ་ལོག་པའི་ཉེན་ཁ་འདུག་མོད། ཉི་ཤར་སྤར་མོས་མི་འཁེབ་པའི་དཔེ་ལྟར། ད་ལྟའི་བརྡ་འཕྲིན་གསར་བརྗེ་ཡི་དུས་རབས་ནང་། བོད་ཕྱི་ཡི་གནས་ཚུལ་ནང་དང་ནང་གི་གནས་ཚུལ་ཕྱི་ལ་བསླེབས་པ་སྐར་ཆས་མི་ཟིན་སྟབས། དོ་བདག་མི་རེ་ངོ་རེ་ནས་སོ་སོའི་ཁ་དང་ལག་པར་བདག་པོ་རྒྱག་རྒྱུ་ལས་ཐབས་གཞན་མེད་དོ།།

 

བསྐྱར་བཅོས།: ༢༠༡༦/༡༠/༣༡

Leave a Reply