དུས་འཁོར་དབང་ཆེན་ལ་གྲ་སྒྲིག

ལོ་རྗེས་མའི་དུས་འཁོར་དབང་ཆེན་སྐབས་ཀྱི་ཆོས་ཞུ་བ་ཚོའི་སྡོད་གུར་ ༢༠༡༢ ལོའི་དུས་དབང་སྐབས་ཀྱི་ཆོས་ཞུ་བའི་སྡོད་གུར་འཕིབ་ཡུལ་དེ་རང་ཡིན་པ་དང་ད་རེས་གསུང་ཆོས་ཞུ་ཡུལ་ས་གནས་ ༤ ཙམ་ལ་གོ་གོ་སྒྲིག་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག

MAP-22

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ ༡༤ ཉིན་བར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གནང་གཏན་འཁེལ་ཡོད་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་དུས་འཁོར་དབང་ཆེན་ཀྱི་གསུང་ཆོས་ར་བར་མི་ཁྲི་དགུ་ ༩༠༠༠༠ ཤོང་བའི་རྩིས་བརྒྱབ་ཡོད་པ་དང་། གསུང་ཆོས་ར་བའི་ཉེ་འཁྲིས་ཕྲུ་གུའི་རྩེད་ཐང་(Children Park)ཞེས་པར་མི་ ༡༠༠༠༠ ཙམ་དང་། གསུང་ཆོས་ར་བའི་རྒྱབ་ཀྱི་སྣུམ་འཁོར་འབབ་ཚུགས་ས་སྟོང་དུ་མི་ ༡༠༠༠ ཙམ། དེ་བཞིན། མཆོད་རྟེན་ཆེན་མོའི་རྒྱབ་ཀྱི་ཇ་ཡ་ཕརེཀ་(Jayaprakash Park)ཞེས་པར་མི་ ༥༠༠༠ ཙམ་བཅས་སུའང་ཆོས་ཞུ་ཚོར་གུར་དང་བརྙན་འཕྲིན་སོགས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག

ད་ལོར་ཆོས་ཞུ་བ་བཞུགས་ཡུལ་གྱི་གུར་རྒྱག་ཡུལ་དེ་ ༢༠༡༢ ལོར་གུར་རྒྱག་ཡུལ་མཱ་གྷ་ཌ་གཙུག་ལག་སློབ་གྲྭ་(Magadh University)ཟེར་བ་དེ་ཡིན་འདུག་ལ། དེ་སྔོན་ཆོས་ཞུ་བ་ཚོས་གུར་མངགས་རྒྱུའི་དུས་ཚོད་ ༢༠༡༦ ཟླ་ ༡༠ ཚེས་ ༡༠ ཉིན་བར་ཡིན་པ་གསལ་བསྒྲགས་བཏང་ཡོད་ཀྱང་། ད་ལྟ་བསྐྱར་དུས་ཚོད་འཕར་འགྱངས་བྱས་ཏེ་ ༢༠༡༦ ཟླ་ ༡༡ ཚེས་ ༡༥ ཉིན་བར་བཟོས་ཡོད་འདུག

དུས་དབང་ཉིན་མཐའ་མར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། བརྟན་བཞུགས་རྡོ་རྗེ་སློབ་དཔོན་དུ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གནང་རྒྱུ་ཡིན་འདུག བརྟན་བཞུགས་ཀྱི་སྦྱན་བདག་བོད་མིའི་སྒྲིག་འཛུགས་གཙོ་བྱས་ཏེ། མགོ་ལོག་ཨ་སྐྱོང་ཁང་གསར་ཚང་དང་རྒྱལ་སྤྱིའི་བོད་རིགས་ཚོང་བའི་ལྷན་ཚོགས། བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོགས་པ་སྐྱིད་སྡུག་ཁག་ ༡༩ བཅས་ཀྱིས་མཉམ་འབྲེལ་གནང་རྒྱུ་ཡིན་འདུག

ད་ལོའི་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་ལ་སྤྱོད་འཇུག་དང་སྒོམ་རིམ་བར་པ་གཉིས་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་པ་དང་། གསུང་ཆོས་དང་བཀའ་དབང་སྐད་རིགས་ ༡༣ ནང་བསྒྱུར་རྒྱུ་ཡིན་ཞིང་། དེའི་སྟེང་བལ་པོ་དང་ལ་དྭགས། ཧིན་སྐད། མོན་སྐད། འབྲུག་བཅས་ཀྱི་སྐད་ནང་བསྒྱུར་རྒྱུའི་སྐོར་དགའ་ལྡན་ཕོ་བྲང་ལ་གོ་བསྡུར་ཞུ་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་གཟིགས་སྐྱོང་གནང་བཞིན་པའི་ཉམ་ཐག་ཨང་ཐོབ་ཅན་དག་ལས་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་རྣམས་ལ་ལམ་གྲོན་གཙོས་གྲ་སྒྲིག་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་ལྟར། ད་བར་ཁྱོན་མི་གྲངས་ ༡༠༨༡ ཙམ་གྱི་ཐོ་གཞུང་ས་གནས་ཁག་ནས་ཕུལ་འབྱོར་བྱུང་ཡོད་པ་དང་། དེ་དག་ལ་དུས་དབང་གི་ཉིན་ ༡༤ རིང་གི་སྡོད་གནས་དང་ཞལ་ལག་མཐུན་འགྱུར་ཚུར་ཕུ་བླ་བྲང་ནས་གནང་རྒྱུ་ཡིན་འདུག གསུང་ཆོས་རྭ་བར་བཞུགས་གནས་ཟུར་དུ་དགོས་པའི་རེ་འདུན་ཞུས་ཡོད་པ་ནི། ཤེས་རིག་འོག་གི་དགེ་ལས་ཚོ་དང་། མོན་རྟ་དབང་ནས་རྒས་འཁོགས་ ༡༠༠༠ ཙམ། བལ་ཡུལ་དོན་གཅོད་བརྒྱུད་ཧི་མ་ལ་ཡའི་རི་རྒྱུད་ནས་ ༡༥༠༠ ཙམ་བཅས་ཡོད་འདུག

ས་གནས་བྷི་ཧར་མངའ་སྡེའི་གཞུང་གིས་གཙང་སྦྲའི་ཐོག་ཧིན་སྒོར་འབུམ་ ༤༠ གནང་རྒྱུའི་བཀའ་འཁྲོལ་ཐོབ་ཡོད་པ་དང་། གསུང་ཆོས་ར་བའི་གཡས་གཡོན་དུ་བརྙན་ལེན་འཕྲུལ་ཆས་ ༦༠ འཛུགས་རྒྱུ་ཡིན་འདུག ཐེངས་འདིའི་དུས་འཁོར་དབང་ཆེན་ལ་འགྲོ་སོང་རོབ་རྩིས་ཧིན་སྒོར་འབུམ་ ༡༠༠༠ ལྷག་འགྲོ་འཆར་ཡོད་སྐོར་འཁོད་འདུག

ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་སྦྱན་བདག་གཙོ་བོ་བོད་མིའི་སྒྲིག་འཛུགས་ཡིན་པ་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཚོགས་ཆུང་གི་མགྲིན་ཚབ་པ་དྲུང་འཕར་བསྟེན་འཛིན་ལུང་རྟོགས་ལགས་བཅས་ཡིན་འདུག

 

དུས་འཁོར་དབང་ཆེན་སྐོར་ལ་འབྲེལ་བ་ཞུ་ཡུལ་གྱི་ཁ་པར་ཨང་དང་གློག་འཕྲིན་ཁ་བྱང་།

  • དུས་འཁོར་དབང་ཆེན་སྐོར་ལ་འབྲེལ་བ་ཞུ་ཡུལ་གྱི་ཁ་པར་ཨང་དང་གློག་འཕྲིན་ཁ་བྱང་།
  • བཀྲ་ཤིས་སྟོབས་རྒྱལ། ཁ་པར། ༩༨༡༦༡༣༨༡༢༠ གློག་འཕྲིན། tashitop@icloud.com
  • འཕྲིན་ལས་དབང་འདུད། ཁ་པར། ༩༨༡༦༣༩༤༡༦༧ གློག་འཕྲིན། gangshey@gmail.com
  • ལྷ་མོ་ཚེ་རིང་། ཁ་པར། ༩༨༡༦༨༦༥༡༠༨/༩༤༡༨༣༢༤༧༦༢ གློག་འཕྲིན། lhamo92@gmail.com
  • ཚེ་ལྷ། ཁ་པར། ༩༨༨༢༠༣༥༨༦༡ གློག་འཕྲིན། lobsangnamgyal1981@gmail.com
  • ཀརྨ་བསྟན་པ། ཁ་པར། ༩༨༠༥༠༤༠༣༤༩ གློག་འཕྲིན། karmakunz@gmail.com

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply