གཞོན་ནུ་ལྷན་ཚོགས་ཀྱིས་དུས་དབང་སྐབས་ཆོས་ཞུ་བར་ཞབས་ཞུ་བསྒྲུབ་རྒྱུ་ཡིན།

རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆོས་ཞུ་བའི་སྡོད་གུར་སྲུང་སྐྱོབ་དང་། འགྲིམ་འགྲུལ་དང་སྨན་ཁང་ལ་སྐད་སྒྱུར། དེ་བཞིན་ནད་པ་མགོན་མེད་སོགས་ལ་འཁོར་ལྡན་རྐུབ་སྟེགས་སོགས་ཀྱང་གྲ་སྒྲིག་ཞུ་རྒྱུ་ཡིན་སྐོར་བསྒྲགས་སོང་།

IMG_3610དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། གནས་མཆོག་རྡོ་རྗེ་གདན་དུ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ ༡༤ ཉིན་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གནང་རྒྱུ་ཡིན་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་བ་ཞབས་ཞུ་བ་ ༢༠༠ ལྷག་གིས་ ༢༠༡༦ ཟླ་བ་ ༡༢ ཚེས་ ༢༣ ནས་ཕྱི་ལོ་ ༢༠༡༧ ཟླ་བ་ ༡ ཚེས་ ༡༧ ཉིན་བར། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་བསྒྲུབ་རྒྱུ་ཡིན་སྐོར་བརྗོད་སོང་།

ཐེངས་འདིར་གཞོན་ནུ་ལྷན་ཚོགས་ཀྱིས་ཆོས་ཞུ་བ་ཚོར་ཞབས་ཞུའི་སྡེ་ཚན་ ༩ ཙམ་ཆེད་འཛུགས་བྱས་ཡོད་པ་དག་ནི།

༡༽ གསུང་ཆོས་ཀྱི་མཛད་རིམ་དང་ཆོས་ཞུ་བ་མི་མང་གི་གལ་ཆེའི་གསལ་བསྒྲགས། བོར་བརླགས་སོང་བ་དང་བརྙེད་སོན་བྱུང་བའི་དངོས་པོའི་རིགས་དོ་བདག་སོ་སོར་འཕྲོད་ཐབས། ཆོས་ཞུ་བ་ཚོའི་འཕྲོད་བསྟེན་དང་བདེ་འཇགས་ལ་གཟབ་དགོས་རེ་སྐུལ་སོགས་ཀྱི་གསལ་བསྒྲགས་བྱ་རྒྱུ་ཡིན།

༢༽ བོད་ནས་གསར་དུ་ཕེབས་མཁན་ཆོས་ཞུ་བ་བཞུགས་ཡུལ་སྣེ་ལེན་ཁང་དུ་དྭང་བླངས་ཁག་གཅིག་གཏན་སྡོད་ཀྱིས་ཕྱག་རོགས་གང་དགོས་ཞུ་རྒྱུ་ཡིན།

༣༽ ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་སུ་འདྲ་ཞིག་ལ་ཛ་དྲག་གི་རོགས་རམ་དགོས་ཚེ་ཉིན་མཚན་དུས་དྲུག་ཏུ་ཕྱག་རོགས་ཞུ་རྒྱུ་ཡིན།

༤༽ འབབ་ཚུགས་ཁག་ཏུ་དྭང་བླངས་ཞབས་ཞུ་བ་ཆེད་འཛུགས་ཀྱིས་ཆོས་ཞུ་བ་རྣམས་ལམ་ནོར་དང་བོར་བརླགས་སོགས་མི་ཡོང་བ་དང་། ཧིན་སྐད་མི་ཤེས་མཁན་རྣམས་ལ་སྐད་སྒྱུར། ལོ་ན་མཐོ་ཞིང་རོགས་པ་མེད་པའི་རིགས་ལ་རོགས་རམ་ཞུ་རྒྱུ་ཡིན།

༥༽ ཕྱོགས་མཐའ་ཁག་ནས་ཕེབས་པའི་རྒན་རྒོན་དང་ཉམ་ཐག་རྣམས་ལ་ཕྱག་རོགས་གང་དགོས་ཞུ་རྒྱུ་ཡིན།

༦༽ མི་མང་སྡོད་གུར་ལ་ཉིན་མཚན་དུས་དྲུག་ཏུ་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཁག་བསྒྲུབ་རྒྱུ་ཡིན།

༧༽ གསུང་ཆོས་སྐབས་ཆོས་ཞུ་བ་རྣམས་ལ་ནད་མནར་རིགས་བྱུང་ཚེ་དགོས་ངེས་ཀྱི་རོགས་རམ་དང་། སྨན་ཁང་དུ་སྐད་སྒྱུར་སོགས་ཀྱི་ལས་དོན་སྒྲུབ་རྒྱུ་ཡིན།

༨༽ ནད་མནར་སོགས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཚེ་འདས་པོའི་ནང་མིའི་རེ་འདོད་གཞིར་བཟུང་སྐུ་ཕུང་ཞུགས་འབུལ་སོགས་ལ་རོགས་ཞུ་རྒྱུ་ཡིན།

༩༽ ནད་པ་དང་རྒན་འཁོགས་ཕྱག་རོགས་མེད་མཁན་རྣམས་ལ་གསུང་ཆོས་ར་བའི་བར་༼WHEEL CHAIR༽ འཁོར་ལྡན་རྐུབ་སྟེགས་ནང་ཕེབས་སྐྱེལ་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་འདུག

གཞན། གཞོན་ནུ་ལྷན་ཚོགས་ཀྱིས་དུས་དབང་སྐབས་ཛ་དྲག་འབྲེལ་གཏུག་བྱེད་སའི་ཁ་པར་གྲ་སྒྲིག་བྱས་ཡོད་པའི་ཨང་གྲངས་ནི། ༧༢༦༡༨༤༡༨༧༧ དང་། ཡང་ན། ༩༩༠༦༨༢༧༤༤༤ བཅས་རེད། ཁ་པར་འདི་གཉིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནས་བཟུང་ལས་དོན་མགོ་འཛུགས་བྱེད་བཞིན་ཡོད་འདུག གཞོན་ནུའི་ངོ་དེབ་ (https://www.facebook.com/TYCCENTREX/) བརྒྱུད་འབྲེལ་བ་བྱས་ཀྱང་ཆོག་གི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

4 thoughts on “གཞོན་ནུ་ལྷན་ཚོགས་ཀྱིས་དུས་དབང་སྐབས་ཆོས་ཞུ་བར་ཞབས་ཞུ་བསྒྲུབ་རྒྱུ་ཡིན།

  1. ཀརྨ་ཕུན་ཚོགས།

    བོད་ཀྱི་གཞོན་ནུ་ཚོགས་པ་ཐུགས་རྗེ་ཆེ། ཕྱག་ལས་ཧ་ཅང་ཡག་པོ་ཞེ་དྲག་རེད། འབོད་སྐུལ་ཞུ་རྒྱུ་ཞིག་ལ་ད་རེས་ཞལ་འདེབས་ཁྱོན་ནས་བསྡུ་མ་གནང་རོགས། ལས་དོན་ཡག་པོ་གནང་བའི་ཞོར་དུ་ཞལ་འདེབས་བསྡུས་པ་དེ་དངོས་གནས་དྲང་གནས་ཞབས་འདྲེན་ཆེན་པོ་ཞུས་པ་རེད།

    1. ལྡོང་རྒྱལ་མཚན།

      བོད་ཀྱིས་གཞོན་ནི་ཚོགས་པ་ནི་ནམ་ཡང་ང་ཚོ་བོད་མི་རིགས་ཀྱི་ཀ་བ་ལྟ་བུ་ཡིན་པའི་ཁྱེད་རྣམས་ལ་བྱ་བ་ལམ་འགྲོ་ཡོང་པའི་སྨོན་འདུན་ཤུགས་དྲག་ཞུ་བཞིན་ཡོད།། ཆོས་དང་ཆབ་སྲིད་གང་གིས་ཆ་ནས་ཡིན་ནའང་བོད་ཀྱི་གཞོན་ནི་ཚོགས་པ་འདི་གལ་ཆེན་ནང་གིས་དོན་ཆེན་ཚོགས་པ་ཞིག་ཡིན།། ང་རང་ལ་ཆ་མཚོན་ན་གཞོན་ནི་ཚོགས་པའི་ལྟ་གྲུབ་ལ་ཧ་ཅིང་གི་དགའ་བོ་ཡོད་པར་མ་ཟད་ནམ་ཡང་ཁྱེད་རྣམས་ལ་རྒྱབ་སྐྱོར་ཡོད།། བཀའ་དྲིན་ཆེ།བོད་རྒྱལ་ལོ།??????