ཁྱོས་བློ་སྟོབས་སྐྱེད་དང་། ངས་ཡིད་ཆེས་བསྲིང་ཆོག

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་གངས་སྐྱིད་མེས་དབོན་དཔེ་སྟོན་སློབ་གྲྭའི་སྒོ་འགྲམ་དུ་མི་མང་འཚང་ཁ་ཤིག་ཤིག་གིས་གསལ་བསྒྲགས་ཤིག་ལ་ལྟ་བཞིན་འདུག གསལ་བསྒྲགས་དེའི་ནང་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་སྔོན་འགྲོ་ནས་འཛིན་རིམ་གསུམ་པའི་བར་གངས་སྐྱིད་དཔེ་སྟོན་སློབ་གྲྭ་དང་། འཛིན་རིམ་བཞི་པ་ནས་བརྒྱད་པའི་བར་དྷ་ཤོད་དཔེ་སྟོན་སློབ་གྲྭ། འཛིན་རིམ་དགུ་བ་དང་བཅུ་བ་གཉིས་ཅོན་ཏ་ར་སཾ་བྷོ་ཊ་གཏན་སློབ་ནང་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་འཁོད་འདུག

གསལ་བསྒྲགས་དེ་བཀྲམས་རྗེས། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་དང་། བོད་ཡིག་ལ་བརྩེ་དུང་ཆེ་བའི་དགེ་རྒན་མང་པོ་ཞིག་སྐད་ངན་ཤོར་བཞིན་འདུག ཕ་མ་ཚོས་སོ་སོའི་ཕྲུ་གུར་ད་བར་བོད་ཡིག་བོད་སྐད་ཀྱི་རྨང་གཞི་ཡག་པོ་ཞིག་བཞག་ཡོད་པ་དེ་འཛིན་རིམ་བརྒྱད་པའི་རྗེས་ལ་རྨེག་མེད་དུ་གཏོང་སྲིད་པའི་སེམས་འཁུར་དང་། དགེ་རྒན་ཚོས་དཔེ་སྟོན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་དང་ཤེས་ཡོན་སྲིད་བྱུས་ཀྱི་ཕུགས་བསམ་སོགས་བད་སྐྱ་ཉི་མས་འཁྱེར་བ་ལྟར་ཡལ་བཞིན་ཡོད་པ་མིན་ནམ་སྙམ་པའི་དོགས་པ་གནང་གི་འདུག

གསལ་བསྒྲགས་དེར་ “དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ ཐོག་གྲོས་ཆོད་གཏན་འབེབས་གནང་བའི་དོན་ཚན་ ༢ པའི་ནང་།” ཞེས་དང་། དེའི་འོག་ཏུ་ “དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་བཀའ་འཁྲོལ་ཞུས་པ་ལྟར་ལག་བསྟར་ཞུ་འཐུས་ཕེབས་སོང་།” ཞེས་བཀོད་འདུག་པ་འདི་བམ་ཀློག་བྱེད་མཁན་དང་བོད་ཡིག་ཡག་པོ་མེད་མཁན་ཚོར། འཆར་གཞི་འདི་སྤྱི་འཐུས་དང་བཀའ་ཤག་གི་ཐག་གཅོད་མིན་ནམ་སྙམ་པའི་མཐོང་ཚོར་བསྟེར་བ་ཞིག་དང་། ཞིབ་ཏུ་བཀླགས་ན་བཀའ་སྤྱི་གཉིས་ཀྱི་སྟེང་དུ་ཤེས་རབ་དགའ་ཚལ་སློབ་གླིང་ཡང་དྲུད་ཡོང་སྟེ་ནག་ཉེས་བགོ་བཤའ་བརྒྱབ་ཡོད་པ་འདི་ཞོར་འཕྲོས་ཙམ་ཡིན།

ཤེས་རིག་གིས་དཔེ་སྟོན་སློབ་གྲྭའི་མདུན་ལམ་འཆར་འགོད་བྱས་པ་དེར་བཀའ་ཤག་གིས་མོས་མཐུན་གནང་བ་ཙམ་དང་། སྤྱི་འཐུས་ཤེས་ཡོན་ཚོགས་ཆུང་གི་སྙན་ཐོའི་ནང་། “ད་ལྟའི་དཔེ་སྟོན་སློབ་གྲྭ་འདི་ཉིད་ས་ཆའི་རྒྱ་ཁྱོན་གྱི་རྐྱེན་པས་དགེ་སློབ་ཡོངས་ལ་དཀའ་ངལ་ཇི་ཆེ་འཕྲད་བཞིན་ཡོད་སྟབས། སློབ་གྲྭ་འདི་འཛིན་གྲྭ་ཁག་བགོས་ཀྱིས་དྷ་ས་གཡས་གཡོན་ས་གནས་འོས་འཚམས་སུ་གང་མགྱོགས་གནས་སྤོ་གནང་དགོས།” ཞེས་འཁོད་ཡོད་པ་ལས། དྷ་ས་ལས་སྤྱི་ལེ་ ༨༠ ལྷག་གི་སར་ཡོད་པའི་སློབ་གྲྭ་གཞན་ཞིག་ལ་ཟླ་སྒྲིལ་གཏོང་དགོས་ཞེས་འཁོད་མེད་པ་མ་ཟད། འཆར་འགོད་བྱེད་སྟངས་འདི་ཤེས་ཡོན་ཚོགས་ཆུང་གི་དགོངས་པ་ལས་རྦད་དེ་ཕྱིན་ཅི་ལོག་ཡོད་ཀྱང་སྲིད།

མདོ་དོན། དཔེ་སྟོན་སློབ་གྲྭ་ཡག་པོ་ཞིག་ཡོང་དགོས་པ་དང་། ཤེས་ཡོན་སྲིད་བྱུས་ས་ཁྱབ་རྡོ་ཁྱབ་ཏུ་ལག་བསྟར་བྱེད་དགོས་པ། བཙན་བྱོལ་ནང་གི་བོད་ཕྲུག་འདི་ཚོ་བོད་པ་གཙང་མ་ཞིག་དང་། བོད་པའི་སྐད་ཡིག་རིག་གཞུང་རྒྱུན་འཛིན་དར་སྤེལ་གཏོང་མཁན་ཞིག་བཟོ་དགོས་པ་འདི་དཔེ་སྟོན་སློབ་གྲྭ་དང་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་རེད་ལ། བོད་མི་རིགས་དང་བོད་པའི་རྩ་དོན་གྱི་ཕུགས་བསམ་ཡང་འདི་རེད། འདི་ཕྲུ་གུ་ཚོ་དང་ཕྲུ་གུའི་ཕ་མ། སློབ་གྲྭའི་དགེ་རྒན། སྤྱི་ཚོགས་ནང་གི་རྩོམ་པ་པོ་དང་གསར་འགྱུར་བརྒྱུད་ལམ་རེ་ཟུང་མ་རེད། ལས་འགན་གཙོ་བོ་བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས། སློབ་གྲྭའི་འཛིན་སྐྱོང་སོགས་ལ་ཡོད་པ་ཞིག་རེད།

བཙན་བྱོལ་ནང་གི་སློབ་གྲྭ་གཞན་དག་སློབ་ཕྲུག་གིས་སྟོངས་ཏེ་རླུང་དམར་ལྡང་གི་ཡོད་ཀྱང་། གངས་སྐྱིད་མེས་དབོན་དཔེ་སྟོན་སློབ་གྲྭར་ཕྲུ་གུ་མང་དྲགས་ཏེ། མ་ཤོང་བའི་དཀའ་ངལ་ལོ་རེ་ནས་ལོ་རེར་ཆེ་རུ་འགྲོ་བཞིན་ཡོད་པ་འདི་དང་། ནམ་རྒྱུན་མང་ཚོགས་ཀྱིས་དཔེ་སྟོན་སློབ་གྲྭའི་དོན་དུ་སྐད་རྒྱག་གི་ཡོད་པ་དང་ཕྲུ་གུའི་ཕ་མ་ཚོས་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པར་སོ་སོའི་ཕྲུ་གུ་དཔེ་སྟོན་སློབ་གྲྭར་བརྫང་གི་ཡོད་པ་འདིས། བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ལ་གདེང་ཚོད་དང་བློ་སྤོབས་ཀྱིས་འདང་ན། ཕྲུ་གུའི་ཕ་མ་ཚོའི་ཡིད་ཆེས་རེ་བ་དང་རྒྱབ་སྐྱོར་བློས་གཏོང་གིས་མི་འཕོངས་པ་གསལ་བོར་བསྟན་ཡོད།།

བསྐྱར་བཅོས།: ༢༠༡༦/༡༡/༢༡

Leave a Reply