ཨ་རིའི་མི་མང་གི་གདམ་ཀ་གསར་པ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་དེ་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུ་དང་འདྲ་སེ་ཞིག་ཞིག་གི་ཐོག་ནས་མཇུག་བསྒྲིལ་སོང་། རྒྱལ་སྤྱིའི་ཐོག་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་རེ་ནས་སྐབས་རེར་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། ཨ་རིའི་མི་མང་ལ་སྐབས་རེ་ནས་སྐབས་རེར་རེ་བ་དང་ཡིད་ཆེས་ཆུང་དུ་འགྲོ་བཞིན་ཡོད། དེ་ནི་ཐེངས་འདིའི་སྲིད་འཛིན་འོས་མི་གཉིས་ཀ་ཨ་རིའི་མི་མང་ཆེས་མི་དགའ་ས་གཉིས་ཆགས་ཡོད། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་དགའ་བསུ་ཆེ་ཤོས་ཞུ་མཁན་རྒྱ་ནག་དང་ཨུ་རུ་སུ་གཉིས་རེད། ཨ་རིའི་གྲོང་གསེབ་པ་དག་གི་མག་མོག་གི་རེ་བར་ཡང་གྲུབ་འབྲས་སྨིན་སོང་མོད། མ་འོངས་པར་ཊི་རུམ་ཕི་དང་ཧེ་ལ་རེ་གཉིས་ནས་ཁོ་ཚོར་བསྟབ་བྱའི་དངོས་གྲུབ་ལ་མང་ཉུང་ཡོད་མི་སྲིད།

ཐེངས་འདིར་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་འཐུན་ཚོགས་པའི་འགྲན་རྩོད་ཁྲོད། མཐའ་མའི་རྒྱལ་ཁ་དེ་སྤྱི་མཐུན་ཚོགས་པར་ཐོབ་པ་དེ་ནི། གཞི་རྩའི་ལྟ་གྲུབ་ཐོག་ནས་མི་སྒེར་གྱི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་ཐོབ་ཐང་གཉིས་ལས་མི་སྒེར་གྱི་ཐོབ་ཐང་ལ་རྒྱལ་ཁ་ཐོབ་པ་དང་། ཁྲིམས་ལུགས་ཀྱི་ཁེ་དབང་དང་ཀུན་ཁྱབ་ཀྱི་འགན་འཁྲི་གཉིས་ལས་ཁྲིམས་ལུགས་ཀྱི་ཁེ་དབང་ལ་རྒྱལ་ཁ་ཐོབ་ཡོད། དེ་བཞིན། ཁེ་ལས་སྡེ་ཁག་གིས་འཕྲོད་བསྟེན་ཉེན་འགོག་དང་སྲིད་གཞུང་གིས་འཕྲོད་བསྟེན་ཉེན་འགོག་གཉིས་ལས་ཁེ་ལས་སྡེ་ཁག་གིས་འཕྲོད་བསྟེན་ཉེན་འགོག་ལ་རྒྱལ་ཁ་ཐོབ་པ་དང་། སྲིད་གཞུང་གི་དམག་དཔུང་དང་གོ་མཚོན་རྒྱ་སྐྱེད་གཏོང་དང་ཉུང་འཕྲི་བྱེད་པ་གཉིས་ལས་རྒྱ་སྐྱེད་གཏོང་བར་རྒྱལ་ཁ་ཐོབ་ཡོད།

སྲིད་འཛིན་འོས་མི་གང་ཟག་སྒེར་ངོས་ནས་བཤད་ན། མང་ཚོགས་ཀྱིས་ཊི་རུམ་ཕི་ལ་འོས་བླུགས་པ་མིན་པར། འོས་འཕེན་པ་སོ་སོའི་བག་ལ་ཉལ་བའི་རྨི་ལམ་ཞིག་གམ་ཕུགས་བསམ་ཞིག་ལ་འོས་བླུགས་ཡོད། ཐེངས་འདིར་ཨ་རིའི་མི་མང་གིས་མི་རིགས་དབྱེ་འབྱེད་དང་མི་རིགས་འདྲ་མཉམ་གཉིས་ལས་དབྱེ་འབྱེད་བདམས་སོང་ལ། ཕྱི་མི་སྐྱབས་བཅོལ་བར་གནས་ལེན་དང་ཕྱིར་འཕུད་གཏོང་རྒྱུ་གཉིས་ལས་ཕྱིར་འཕུད་བདམས་སོང་། ད་དུང་། ཨུ་རུ་སུ་དང་རྒྱ་ནག་ལ་ངོ་རྒོལ་དང་ངོ་དགའ་གཉིས་ལས་ངོ་དགའ་བདམས་པ་དང་། ཕྱི་ཕྱོགས་སྒོ་འབྱེད་དང་བཀག་སྡོམ་གཉིས་ལས་བཀག་སྡོམ་བདམས་སོང་།

རྩིས་ཐང་གཞན་ཞིག་གི་ངོས་ནས་བཤད་ན། ཐེངས་འདིའི་གདམ་གསེས་དེ་ཨ་རིའི་མི་མང་གི་སྤྱི་མོས་མིན་པ་མ་ཟད་མང་མོས་ཀྱང་མིན། ཨ་རིར་མི་འབོར་ས་ཡ་སུམ་བརྒྱ་ལྷག་སྟེ་ ༣༢༤༧༢༠༧༩༧ ཡོད་པའི་ཁྲོད། ད་ལོར་འོས་ལྡུག་པའི་ཐོབ་ཐང་ཡོད་མཁན་ས་ཡ་ཉིས་བརྒྱ་སུམ་ཅུ་ལྷག་ལས་མེད་ལ། དེ་དག་ལས་ཧེ་ལ་རེ་ལ་འོས་གྲངས་ ༦༢༡༡༥༦༣༤ དང་། ཊི་རུམ་ཕི་ལ་འོས་གྲངས་ ༦༡༠༠༣༤༡༧ ཐོབ་སྟེ། འོས་གྲངས་ ༡༡༡༢༢༡༧ གྱིས་ཧེ་ལ་རེ་མང་།

ཨ་རིའི་འོས་གྲངས་རྩི་སྟངས་དེ་མི་སྒེར་གྱི་འོས་ཤོག་མང་ཉུང་མིན་པར། འོས་འཕེན་རུ་ཁག་གི་བརྒྱ་ཆ་མཐོ་དམན་ཡིན། ཨ་རིར་མངའ་སྡེ་ ༥༠ ཡོད། མངའ་སྡེ་རེ་རེའི་མི་འབོར་གཞིར་བཟུང་འོས་འཕེན་རུ་ཁག་གི་འོས་གྲངས་བགོ་འགྲེམ་བྱས་ཡོད། མངའ་སྡེ་ཚང་མའི་འོས་འཕེན་རུ་ཁག་གི་འོས་གྲངས་བསྡོམས་ན་ ༥༣༨ ཡོད། དེ་ལས་ཨ་རིའི་སྲིད་འཛིན་རྒྱལ་ཁ་འཐོབ་པར་འོས་ ༢༧༠ འཐོབ་དགོས། དཔེར་ན། མངའ་སྡེ་ཁ་ལི་ཧྤོ་ནེ་ཡར་མཚོན་ན་མི་འབོར་ས་ཡ་སུམ་ཅུ་སོ་དགུ་ཡོད། དེ་ལ་འོས་འཕེན་རུ་ཁག་གི་འོས་གྲངས་ ༥༠ ཡི་ཐོབ་ཐང་ཡོད། གལ་སྲིད་སྲིད་འཛིན་འོས་མི་ཞིག་ལ་མངའ་སྡེ་དེའི་དངོས་སུ་འོས་འཕེན་མཁན་གྱི་འོས་ཤོག་བརྒྱ་ཆ་ ༥༡ ཐོབ་ན་མངའ་སྡེ་དེའི་འོས་འཕེན་རུ་ཁག་གི་འོས་ ༥༠ ཧྲིལ་བོ་ཁོ་རང་ལ་ཐོབ་པ་ཡིན།

ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡར་མི་འབོར་ས་ཡ་ ༣༩ ཙམ་ཡོད་ཀྱང་། དངོས་སུ་འོས་འཕེན་མཁན་ས་ཡ་ ༡ ཙམ་ལས་མ་བྱུང་ཡང་། འོས་ཤོག་མང་ཤོས་ཐོབ་མཁན་དེར་མངའ་སྡེ་དེའི་འོས་འཕེན་རུ་ཁག་གི་འོས་གྲངས་ ༥༠ ཧྲིལ་བོ་ཁོ་རང་གི་སྟེང་དུ་བསྡོམས་ཡོད། འདི་ལ་Winner takes all ‘རྒྱལ་མཁན་ལ་ཚང་མ་ཐོབ’ ཟེར། མི་སྒེར་འོས་ཤོག་མང་བ་ཐོབ་ཀྱང་འོས་འཕེན་རུ་ཁག་གི་འོས་གྲངས་ཉུང་བའི་དབང་གིས་ཕམ་ཉེས་བྱུང་བ་ད་རེས་ཙམ་མིན་པར། ༢༠༠༠ ལོར་བྷི་ཤི་དང་ཨལ་གྷོ་རེ་གཉིས་ཀྱི་འགྲན་བསྡུར་སྐབས་གནས་སྟངས་འདི་བྱུང་ཡོད་སྟབས། སྐུ་ཞབས་ཊི་རུམ་ཕི་ལ་སྤྱི་མོས་མང་མོས་གང་ཡང་མ་ཐོབ་པའི་ཨ་རིའི་སྲིད་འཛིན་དེ་ཆགས་ཡོད།

 

བསྐྱར་བཅོས།: ༢༠༡༦/༡༡/༢༥

Leave a Reply