དུས་དབང་སྐབས་བཞུཊ་སྒར་ཁུལ་དུ་ལྟ་སྲུང་བ་འཇོག་རྒྱུ་ཡིན།

ཟླ་འདིའི་ཕྱི་ཚེས་ ༢༨ ཙམ་ནས་བཟུང་ཉིན་གྲངས་ ༢༠ ལྷག་རིང་བཞུགས་སྒར་དྷ་རམ་ས་ལ་ཁུལ་དུ་ལྟ་སྲུང་སྲུང་བ་ཆེད་མངག་གིས་སྐོར་སྲུང་གནང་རྒྱུ་ཡིན་འདུག

14902894_971805659632077_6611283686310684865_oཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ ༡༤ བར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གནང་གཏན་འཁེལ་བ་ལྟར། དེང་སང་བཞུགས་སྒར་དྷ་རམ་ས་ལ་ནས་བོད་མི་མང་པོ་རྡོ་གདན་དུ་འགྲོ་བཞིན་ཡོད་པ་དང་། དུས་དབང་སྐབས་བཞུགས་སྒར་ཁུལ་དུ་མི་ཧ་ཅང་ཉུང་དུ་འགྲོ་བ་དང་ཁྱིམ་ཚང་མང་པོའི་ནང་ཁྱིམ་སྲུང་མེད་པས་རྐུན་ཇག་སོགས་ཀྱི་ཉེན་ཁ་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༨ ཙམ་ནས་བཟུང་ལྟ་སྲུང་བ་ཆེད་མངག་གིས་བཞུགས་སྒར་ཕོ་བྲང་དང་གཙུག་ལག་ཁང་། མེག་གྷན་ཁུལ། གངས་སྐྱིད་སྐྱིད་གཤོངས་བཅས་སུ་ལྟ་སྲུང་མགོ་འཛུགས་གནང་རྒྱུ་ཡིན་འདུག

ཉེ་སྔོན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། དྷ་ས་ས་གནས་མགོ་འཛིན་བཅས་ནས་དྷ་ས་ཁུལ་གྱི་ལྟ་སྲུང་སྐོར་ལ་བཀའ་སྡུར་གནང་ཡོད་སྟབས།  དེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ། དུས་དབང་སྐབས་བཞུགས་སྒར་ཁུལ་དུ་ལྟ་སྲུང་གོ་སྒྲིག་ག་འདྲ་གནང་བཞིན་ཡོད་དྲིས་པར་ཁོང་གིས། དྷ་ས་ཁུལ་གྱི་རྒྱ་གར་ཉེན་རྟོག་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་སྐོར་སྲུང་བ་མང་དུ་གཏོང་བ་དང་ཚགས་ཚུད་དུ་གཏོང་བར་རེ་སྐུལ་ཞུ་བཞིན་ཡོད་ལ། དེ་བཞིན་དགའ་ལྡན་ཕོ་བྲང་དང་རྣམ་རྒྱལ་གྲྭ་ཚང་ནས་ཐུགས་འཁུར་བཞེས་ཏེ། དྭང་སློབ་དམག་ཞབས་པ་ ༢༠ ཙམ་བཞུགས་སྒར་དུ་ཕེབས་ཀྱི་ཡོད་པ་དང་། ཁོང་རྣམ་པས་གཙོ་བོ་བཞུགས་སྒར་ཕོ་བྲང་དང་གཙུག་ལག་ཁང་གི་ཉེ་འཁོར་དུ་ལྟ་སྲུང་གནང་རྒྱུ་དང་། ཞོར་དུ་མེག་གྷན་གྱི་བོད་མིའི་སྡོད་ཁྱིམ་ཁག་དང་ཚོང་ཁང་། དེ་བཞིན་གངས་སྐྱིད་བཅས་སུ་མཚན་མོར་སྐོར་བ་བརྒྱབ་སྟེ་ལྟ་སྲུང་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་དྭང་སློབ་དམག་ཞབས་པ་རྣམ་པ་དང་ རྒྱ་གར་ས་གནས་ཉེན་རྟོག་པའི་བར་ངོ་སྤྲོད་འབྲེལ་ལམ་བཟོ་བཞིན་ཡོད་པ་དང་། དེ་དང་ཆབས་ཅིག་བོད་མིའི་ཚོང་ཁང་དང་ཟ་ཁང་སོགས་སྐྱིད་སྡུག་ཚོགས་པ་ཁག་གི་ཚོགས་ གཙོ་རྣམ་པར་འབྲེལ་བ་གནང་སྟེ། གླ་ཆ་ཏོག་ཙམ་སྤྲད་ནས་ས་གནས་ས་ཐོག་རང་ནས་ལྟ་སྲུང་པ་གོ་སྒྲིག་གནང་བཞིན་ཡོད་ལ། དྭང་སློབ་དམག་ཞབས་པ་རྣམ་པའི་བཞུགས་གནས་ཞལ་ལག་སོགས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་གོ་སྒྲིག་གནང་རྒྱུ་དང་། མཚན་མོར་སྐོར་བ་རྒྱག་བྱེད་སྣུམ་འཁོར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་མཐུན་འགྱུར་གནང་བཞིན་ཡོད་སྐོར་བརྗོད་བྱུང་།

དྭང་སློབ་དམག་ཞབས་པ་རྣམ་པ་བཞུགས་སྒར་དུ་བསླེབས་རྗེས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཕྱག་མཛོད་དང་ལྷན་དུ་ལྟ་སྲུང་གནང་ཕྱོགས་ཀྱི་ཐོག་ལ་བཀའ་སྡུར་གོ་སྒྲིག་གནང་འཆར་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢༨ ཙམ་ནས་མགོ་བཙུགས་ཏེ་བཞུགས་སྒར་ཁུལ་དུ་ལྟ་སྲུང་གནང་རྒྱུ་དང་དང་། དེ་ནས་བཟུང་ཉིན་གྲངས་ ༢༠ ལྷག་དང་ཡང་ན་ཟླ་གཅིག་ཙམ་རིང་ལྟ་སྲུང་གནང་དགོས་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

One thought on “དུས་དབང་སྐབས་བཞུཊ་སྒར་ཁུལ་དུ་ལྟ་སྲུང་བ་འཇོག་རྒྱུ་ཡིན།