སླར་ཡང་བོད་ནང་རང་ལུས་མེར་བསྲེགས་གནང་འདུག

ད་ལྟ་བོད་ནང་གི་ཆུ་ཚོད་ ༦།༠༠ ཙམ་ལ་མདོ་སྨད་རྨ་ཆུའི་རྫོང་ཐོག་ཏུ་བོད་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་འདུག

དྲ་ལམ་ཁག་ཏུ་མེ་འབར་བཞིན་པའི་བརྙན་དང་པར་སོགས་ཁྱབ་བཞིན་ཡོད་པ་ལས། ཁོང་འདས་གྲོངས་ཕྱིན་ཡོད་མེད་དང་། མིང་དང་ལོ་རྒྱུས་སོགས་ད་སྔ་གསལ་ཁ་མི་འདུག པར་གཞན་ཞིག་གི་ནང་རྒྱ་ནག་གི་ཉེན་རྟོག་པས་ཕུང་བོ་འཁྱེར་བཞིན་པ་མཐོང་རྒྱུ་འདུག

མེ་འབར་བཞིན་པའི་ཟུར་དུ་བོད་པའི་བུད་མེད་ཅིག་གིས། “རྒྱལ་བ་བསྟན་འཛིན་རྒྱལ་མཚོ་མཁྱེན། ཕྱི་མ་ན་ངན་སོང་མེད་པའི་སྐྱབས་འཇུག བར་དོ་ན་འཇིགས་སྐྲག་མེད་པའི་སྐྱབས་འཇུག” ཞེས་གསོལ་བ་འདེབས་བཞིན་པ་བརྙན་ལས་ཐོས་ཐུབ་ཀྱི་འདུག

དེ་རིང་ནི། ༢༠༡༢ ཟླ་ ༡༢ ཚེས་ ༨ ཉིན་མདོ་སྨད་རྔ་པ་མཛོད་དགེའི་གྲྭ་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་བའི་ཉིན་མོ་ཡིན།

བོད་མིའི་རང་ལུས་མེར་བསྲེགས་ཀྱི་གྲངས་ཀར་རྩི་སྟངས་སྣ་ཚོགས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ད་ལོའི་གསུམ་བཅུའི་དུས་དྲན་གསུང་འཕྲིན་ནང་། “དེ་སྔོན་དཔའ་བོ་དཔའ་མོ་གྲངས་ ༡༤༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་” ཞེས་འཁོད་འདུག

རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་བོད་མིའི་རང་ལུས་མེར་བསྲེགས་སྐོར་གྱི་དེབ་༼མེ་ལྕེ་ཁྲོད་ཀྱི་བོད།༽ཅེས་པའི་ནང་། “ད་ལྟའི་བར་ཉུང་མཐར་བོད་མི་གཞན་ ༡༤༥ ལྷག་གིས་རང་ལུས་མེར་བསྲེག་བཏང་ཡོད། འདི་དག་ལས་ ༡༤༡ བོད་ནང་ནས་ཡིན་པ་དང་ལྷག་མ་ ༥ ནི་བཙན་བྱོལ་ནང་ནས་རེད། ད་ལྟ་ཤེས་རྟོགས་ཡོད་པའི་གནས་ཚུལ་ལ་གཞིག་ན་བོད་མི་ ༡༢༥ འདས་གྲོངས་སུ་འགྱུར་ཡོད། བོད་ནང་དུ་ ༡༢༢ དང་ཕྱི་རྒྱལ་དུ་ ༣ བཅས་ཡིན་པ་རེད།” ཞེས་འཁོད་འདུག

15350583_697500787075907_2030455384005863912_n tibettimes1

བསྐྱར་བཅོས།: ༢༠༡༦/༡༢/༠༩

Leave a Reply

One thought on “སླར་ཡང་བོད་ནང་རང་ལུས་མེར་བསྲེགས་གནང་འདུག

  1. རང་དབང་མེད་ནས་འུ་ཐུག་ཐབས་ཟད་ནས་།
    རང་ལུས་མེར་སྲེག་རྒྱལ་ཁབ་མི་རིགས་དོན་།
    རང་དབང་ལུང་པར་གནས་པའི་བོད་རིགས་སྤུན་།
    རང་དོན་ཁོ་ན་མ་བསམ་རང་ཡུལ་བསམ་།