བོད་ནས་ཡོང་བའི་གནས་སྐོར་བ་མང་པོ་ཕྱིར་ལོག་འགྲོ་ཡི་འདུག

རྒྱ་ནག་གཞུང་གིས་འཇིགས་སྐུལ་ཉེན་བརྡ་གཏོང་བཞིན་ཡོད་པར་བརྟེན་བོད་ནས་ཡོང་བའི་གནས་སྐོར་བ་མང་པོ་རྡོ་རྗེ་གདན་ནས་ཕྱིར་བོད་དུ་ལོག་འགྲོ་བཞིན་འདུག

15749614_1509530329062480_714551080_nའདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་མང་པོ་རུ་ཕྱིར་སྐྱོད་ལག་འཁྱེར་ཕྱིར་བསྡུ་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཕྱི་རུ་བསླེབས་ཟིན་པ་རྣམས་ཀྱི་ཤུལ་དུ་ཡོད་པའི་ཁྱིམ་མིར་འཇིགས་སྐུལ་ཉེན་བརྡ་སྣ་ཚོགས་གཏོང་བཞིན་ཡོད་པར་བརྟེན། གནས་མཆོག་རྡོ་རྗེ་གདན་དུ་བསླེབས་ཟིན་པའི་གནས་སྐོར་བ་མང་པོ་ཕྱིར་བོད་དུ་ལོག་འགྲོ་བཞིན་འདུག

ཉིན་འདི་ཚོར་ཕྱོགས་མཐའ་གང་སར་ནས་ཆོས་ཞུ་བ་མང་པོ་རྡོར་གདན་དུ་འབྱོར་བཞིན་འདུག་ལ། ཚུར་ཡོང་གི་བྲེལ་འཚུབ་བར་ན་བོད་ནས་ཡོང་བའི་གནས་སྐོར་བ་ཚོས་རྡོག་འཁྲིས་འཁུར་ཏེ་ཕྱིར་ལམ་དུ་ཆས་བཞིན་ཡོད་པ་མང་པོ་མཐོང་རྒྱུ་འདུག་པ་མ་ཟད། ཕངས་སེམས་ཆེན་པོས་གནས་ཀྱང་སྐོར་ཁོམ་ཡག་པོ་ཞིག་མ་བྱུང་ཡང་མགྱོགས་པོར་ཕྱིར་མ་ལོག་ཐབས་མེད་ཆགས་སོང་། ཞེས་རེ་འགའ་ངུ་ཞོར་དུ་བདེ་མོ་བཞག་སྟེ་ཕྱིན་སོང་། རྒྱུས་ཡོད་ཅིག་གིས་བཤད་པ་ལྟར་ན། ཁ་སང་གཅིག་པུར་བོད་ནས་ཡོང་བའི་གནས་སྐོར་བ་ ༤༠ ཙམ་རྡོར་གདན་ནས་ཕྱིར་ལོག་དགོས་བྱུང་ཡོད་འདུག

དྷ་སར་གནས་སྡོད་བྱེད་མཁན་ཕོ་གསར་ཞིག་གིས། ཁོའི་ཕ་ཡུལ་གཅིག་པ་ཨ་མ་རྒན་མོ་ཞིག་རྡོ་རྗེ་གདན་དུ་བསླེབས་བསྡད་ཡོད་ཀྱང་། རྒྱ་ནག་གཞུང་གིས་བདུན་ཕྲག་གཅིག་ནང་ཚུན་དུ་བོད་ལ་འབྱོར་མ་ཐུབ་ཚེ། ལས་བྱེད་ཡིན་པའི་ཁྱིམ་མི་གཉེན་ཉེ་ཚོ་ལས་བྱེད་ནང་ནས་འཕུད་པའམ་ཡང་ན་གླ་ཕོགས་ཀྱི་ནང་ནས་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པར་བརྟེན། དེ་རིང་ཕྱི་དྲོར་ཁོས་ཨ་མ་རྒན་མོ་དེ་བལ་ཡུལ་བར་སྐྱེལ་དུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་བྱེད་མཁན་ཞིག་གིས། དེ་རིང་ཕྱི་དྲོར་བོད་ནས་ཡོང་བའི་གནས་སྐོར་བ་ ༡༡ འཁྲིད་དེ་བལ་ཡུལ་དུ་ཕྱིར་འགྲོ་ཡི་ཡོད། ཁོང་ཚོ་སྙིང་རྗེ་ཡ་རེད་འདུག འགྲོ་སོང་དེ་འདྲ་ཆེན་པོ་བཏང་སྟེ་གནས་མཆོག་རྡོ་རྗེ་གདན་དུ་བསླེབས་བསྡད་ཡོད་པ་མ་ཟད། ཐོངས་མཆན་ཡང་ཉོས་ཚར་ཡོད་པ་རེད། ཡིན་ནའང་། གནས་སྐོར་ཡག་པོ་ཞིག་ཀྱང་བྱེད་མ་ཐུབ་པར་ཕྱིར་ལོག་དགོས་བྱུང་སོང་། རྒྱ་གཞུང་གིས་ཕྱིར་ཤོག་ཟེར་ནས་ཁ་པར་ཡོང་སྟེ་འདུག་འཇུག་གི་མི་འདུག་པས་ཕྱིར་མ་ལོག་ཐབས་མེད་རེད། ཁོ་ཚོའི་སེམས་ཧ་ཅང་ཕམ་འདུག ཅེས་བརྗོད་བྱུང་།

པདྨ་མཚོས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

One thought on “བོད་ནས་ཡོང་བའི་གནས་སྐོར་བ་མང་པོ་ཕྱིར་ལོག་འགྲོ་ཡི་འདུག

  1. ཚུལ་ཁྲིམས་ནོར་བུ།

    ཟླ་བ་གོང་མར་བོད་ནས་སླེབས་མཁན་གཅིག་སྟོང་ལྷག་གིས་གོང་ས་མཆོག་ལ་མཇལ་ཁ་ཞུས་ནས་ཕྱིར་ཕེབས་དགོས་བྱུང་ཡོད། དེའི་རྗེས་སུ་སླར་ཡང་བརྒྱད་སྟོང་ལྷག་གིས་མཇལ་ཁ་ཞུས་ཏེ་ཕལ་ཆེ་བ་ཕྱིར་ཕེབས་རྒྱུ་ཡིན་པའི་གནས་ཚུལ་གོ དེ་བཞིན་འབྲས་སྤུངས་ཀྱི་ལོ་ངོ་དྲུག་བརྒྱ་འཁོར་བའི་མཛད་སྒོ་མ་བྱེད་པའི་སྔོན་དེ་ལ་ལྡི་ལི་ནས་སླར་ཡང་གསར་འབྱོར་བ་མང་པོ་ཞིག་གིས་དེ་ནས་མཇལ་ཁ་བླངས་ཏེ་ཕྱིར་ཕེབས་པའི་གནས་ཚུལ་མང་རབས་ཤིག་འདུག་ན། འདི་དག་ངེས་པར་དུ་འགོད་དགོས་པར་སྙམ། བཞི་བཅུ་ལྔ་བཅུའི་སྐད་ཆ་མ་རེད། དེ་ཚོ་ངེས་པར་དུ་སྤེལ་དགོས།