དབུ་འཛིན་སློབ་དཔོན་རྣམ་པས་ཀྱང་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་ལ་ཐུགས་སྣང་མང་ཙམ་གནང་རོཊ།

དེ་རིང་༧གོང་ས་མཆོག་གིས་རྡོར་གདན་ཁུལ་གྱི་སློབ་གྲྭ་ཁག་གི་དབུ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བདེ་སྐྱིད་ལྡན་པའི་མི་ཚེའི་དོན་སྙིང་སྐོར་ལ་བཀའ་སློབ་གསུང་བཤད་གནང་སྐབས། གཞོན་སྐྱེས་ཚོས་ནང་སེམས་ཀྱི་ཞི་བདེ་དང་ཤེས་ཡོན་ཟུང་འབྲེལ་ཐོག་བདེ་སྐྱིད་ལྡན་ཞིང་བྱམས་སྙིང་རྗེ་ཅན་གྱི་འཛམ་གླིང་ཞིག་བསྐྲུན་ཐབས་དགོས་སྐོར་གསུངས་སོང་།

IMG_4740དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་སློབ་གྲྭ་ཁག་ ༢༠ ལྷག་གི་དབུ་ལས་སློབ་ཕྲུག་རྣམས་དུས་དབང་གསུང་ཆོས་ར་བའི་ནང་འཛོམས་ཏེ། རྒྱ་གར་གྱི་གཞས་སྣ་འཁྲབ་སྟོན་དང་། སློབ་མ་ཚོས་བྲིས་པའི་༧གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན། དེ་བཞིན། སློབ་ཕྲུག་ཅིག་གིས་འཛམ་བུ་གླིང་གི་མི་ཚང་མས་རང་དབང་འདོད་ཀྱི་ཡོད་པ་ལྟར་རང་དབང་བརྩོན་ལེན་གནང་བཞིན་ཡོད་པ་དང་། བོད་ནི་རྒྱལ་ཁབ་ཅིག་ཡིན་ཡང་རྒྱ་གཞུང་གི་བཙན་བཟུང་འོག་ད་ལྟའི་ཆར་རང་དབང་གང་ཡང་མེད་སྐོར་གྱི་གཏམ་བཤད་བྱས་སོང་བ་དང་། ཉིན་རྒྱབ་༧གོང་ས་མཆོག་གསུང་ཆོས་ར་བའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་སློབ་གྲྭ་ཁག་གི་དབུ་ལས་སློབ་ཕྲུག་ཚོར་བཀའ་སློབ་གསུང་བཤད་གནང་སོང་།

གསུང་བཤད་ཀྱི་ཐོག་མར་བཀའ་སློབ་གསོལ་འདེབས་ཞུ་མཁན་རིས་མེད་ཆོས་ལུགས་མཐུན་གྲོགས་ཚོགས་པ་དང་། གོ་སྒྲིག་གཙོ་གཉེར་བ་མཱ་གྷ་ཌ་གཙུག་ལག་སློབ་གཉེར་ཁང་དང་གྷ་ཡ་གཙུག་ལག་སློབ་གཉེར་ཁང་། New enlightenment Society སོགས་ཀྱི་དབུ་འཛིན་རྣམ་པས། ༧གོང་ས་མཆོག་ནི་འཛམ་གླིང་འདིའི་སྒང་གི་ཆོས་ལུགས་ཀྱི་དབུ་འཁྲིད་རླབས་ཆེ་ཤོས་ཤིག་ཡིན་པ་དང་། དེ་རིང་གཞོན་སྐྱེས་ཚོས་ཁོང་གི་མདུན་ནས་བྱམས་དང་སྙིང་རྗེ་ཡི་ལམ་སྟོན་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན་སྐོར་གྱི་གསུང་བཤད་གནང་བ་དང་འབྲེལ་རྟེན་འབྲེལ་གྱི་ཕྱག་རྟགས་བཅས་འབུལ་ལམ་ཞུས་སོང་།

དེ་ཡང་༧གོང་ས་མཆོག་གིས་འདས་པའི་དུས་སུ་ག་རེ་བྱུང་ཡང་ང་ཚོས་འགྱུར་བ་གཏོང་ཐབས་མེད་ཀྱང་མ་འོངས་པར་འགྱུར་བ་གཏོང་ཐུབ་སྐོར་ལམ་སྟོན་གནང་དོན། ང་ཚོས་དུས་ཚོད་ལ་འདས་པ་དང་ད་ལྟ། མ་འོངས་པ་བཅས་བརྗོད་ཀྱི་ཡོད་པ་དང་། འདས་པ་ནི་དཔེར་ན་དུས་རབས་ཉི་ཤུ་པ་ལྟ་བུ་ཕྱིན་ཟིན་པ་རེད་ལ། འདས་པའི་དུས་ཚོད་ནང་ནོར་འཁྲུལ་དང་མི་ལེགས་པ་ག་རེ་བྱུང་ཡང་ཚང་མ་བྱུང་ཟིན་པ་ཡིན་སྟབས། ང་ཚོས་འདས་པ་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད། ཡིན་ནའང་། ད་ལྟ་དུས་རབས་ཉེར་གཅིག་པའི་མགོ་བཙུགས་ཙམ་ཡིན་ལ། དུས་རབས་གསར་པ་འདིའི་མ་འོངས་པར་ཐུགས་འཁུར་གནང་དགོས། ང་ཚོས་མ་འོངས་པ་ལ་འགྱུར་བ་གཏོང་ཐུབ་པ་རེད། སའི་གོ་ལའི་ཐོག་མི་འབོར་དུང་ཕྱུར་ ༧༠ ཡོད་པའི་ནང་ནས་ངོས་ཀྱི་ལོ་ཚོད་རྣམས་དང་། དེ་བཞིན་འདིར་བཞུགས་པའི་དབུ་འཛིན་སློབ་དཔོན་རྣམ་པ་ནི་དུས་རབས་ཉི་ཤུ་པའི་མི་རབས་ཡིན་ལ། ང་ཚོའི་མི་རབས་འདི་རྫོགས་འགྲོ་ཡི་ཡོད་པ་རེད། ཁྱེད་རང་ཚོ་ནི་དུས་རབས་ཉེར་གཅིག་པའི་མི་རབས་ཆགས་ཡོད་སྟབས། ཁྱེད་ཚོར་ཞི་བདེ་ལྡན་པའི་འཛམ་གླིང་དང་མ་འོངས་པ་ཞིག་བསྐྲུན་པའི་འོས་འགན་ཡོད་པ་རེད། ཅེས་གསུངས་སོང་།

122ཡང་ཁོང་གིས། གྲོགས་ཀྱི་མཛའ་བརྩེ་ནི་སེམས་པ་བཟང་པོ་དང་བྱམས་སྙིང་རྗེ་ལ་རག་ཆེན་པོ་ལས་ཡོད་ལ། ཁྱིམ་ཚང་གཅིག་ལ་བྱམས་སྙིང་རྗེ་ལྡན་པ་ཡིན་ན། ཁྱིམ་ཚང་བཅུ་དང་བརྒྱ། སྟོང་གིས་སྤྱི་ཚོགས་གྲུབ་ཀྱི་ཡོད་སྟབས། ཐབས་ལམ་དེ་བརྒྱུད་ནས་ང་ཚོས་བྱམས་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་དང་། བྱམས་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ཀྱི་ཡོད་པར་བརྟེན། ང་ཚོས་དེ་དམིགས་ཡུལ་དུ་འཛིན་དགོས་ཀྱི་ཡོད་ལ། དམིགས་ཡུལ་དེ་མངོན་འགྱུར་བྱུང་བ་ཁོང་གིས་མཐོང་མི་ཐུབ་ཀྱང་དུས་རབས་ཉེར་གཅིག་པའི་མི་རབས་གསར་པ་ཚོས་མཐོང་ཐུབ་སྟབས། ནམ་ཡང་རེ་འདོད་མ་བརླག་པ་བྱེད་གལ་ཆེ་སྐོར་དང་། གཞོན་སྐྱེས་ཚོས་ནང་སེམས་ཀྱི་ཞི་བདེ་དང་ཤེས་ཡོན་ཟུང་འབྲེལ་གྱིས་བདེ་སྐྱིད་ལྡན་ཞིང་བྱམས་སྙིང་རྗེ་ཅན་གྱི་འཛམ་གླིང་ཞིག་བསྐྲུན་ཐབས་དགོས་པ་དང་། དབུ་འཛིན་སློབ་དཔོན་རྣམ་པས་ཀྱང་དེའི་ཐོག་ལ་ཐུགས་སྣང་མང་ཙམ་གནང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

མཇུག་ཏུ་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་གནང་གྲུབ་རྗེས། སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཏེ་རྟེན་བཞེངས་ལེགས་འགྲུབ་བྱུང་བར་རབ་གནས་སོགས་མཛད་ཡོད་པ་རེད།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply