རྒྱ་ནག་ནང་ཆོས་དད་རང་དབང་ཡོད་མེད་ད་རེས་ཤེས་སོང་ང་།

གནས་སྐོར་བ་རྣམས་རྡོ་རྗེ་གདན་ནས་འཕྲལ་དུ་ཕྱིར་མ་ལོག་ན་རྒྱ་ནག་གཞུང་གིས་དགོན་པ་དང་གྲོང་ཚོ་སྤྱི་ཡོངས་ལ་ནག་ཉེས་འཛུགས་ཀྱི་ཡོད་སྐོར་བརྗོད་བྱུང་།

IMG_4599གནས་མཆོག་རྡོ་རྗེ་གདན་ནས་ཕྱིར་བོད་དུ་ལོག་བཞིན་པའི་གནས་སྐོར་བ་ཁག་ཅིག་ལ་གློ་བུར་ཕྱིར་ལོག་པའི་རྒྱུ་མཚན་དང་། འཕྲལ་དུ་ཕྱིར་ལོག་དགོས་བྱུང་སྐབས་སེམས་ཚོར་ཅི་བྱུང་སྐོར་ཁ་བརྡ་བྱེད་སྐབས། དེང་སང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོ་རུ་ཕྱི་སྐྱོད་ལག་འཁྱེར་ལེན་མཁན་ག་ཚོད་ཡོད་པ་དང་། སུ་དང་སུ་ཡིན་སྐོར་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། ཉིན་ཤས་ནང་འཕྲལ་དུ་ཕྱིར་མ་ལོག་ཚེ། ཕྱི་སྐྱོད་ལག་འཁྱེར་ལེན་སྐབས་ཁག་ཐེག་བྱེད་མཁན་སྲིད་གཞུང་གི་ལས་བྱེད་དང་། དེ་བཞིན་ཁྱིམ་ཚང་ནང་གཞུང་གི་ལས་བྱེད་ཡོད་ཚེ་གནས་དབྱུང་གཏོང་རྒྱུ་ཡིན་ལུགས་དང་། ཁྱིམ་ཐོའི་ནང་ནས་ནག་གསུབ་བཏང་སྟེ་ཕྱིར་ལོག་ས་མེད་པ་བཟོ་བ། སློབ་མ་སློབ་གྲྭས་མི་ལེན་པ་དང་། དབུལ་སྐྱོབ་རྒས་གསོའི་དངུལ་མེད་པ་བཟོ་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱེད་བཞིན་ཡོད་པ་མ་ཟད། དགོན་པ་དང་གྲོང་ཚོ་ལའང་ནག་ཉེས་འཛུགས་ཀྱི་ཡོད་སྐོར་བརྗོད་བྱུང་།

ཕྱི་ཚེས་ ༣༠ ཉིན་ཕྱིར་ལོག་པའི་དགེ་འདུན་པ་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་ཤོག་ཟེར་ནས་སྡོད་བཅུག་གི་མི་འདུག སྤྱིར་བཏང་ང་འདིར་བསླེབས་ཚར་ཡོད་པས་ཕྱིར་མ་ལོག་ནའང་རྒྱ་ནག་གཞུང་ལ་བྱ་རྒྱུ་ཅི་ཡང་ཡོད་པ་མ་རེད། ཡིན་ནའང་། ང་ཚོའི་དགོན་པར་ནག་ཉེས་འཛུགས་ཀྱི་ཡོད་ས་རེད། ང་ཚོའི་དགོན་པའི་ནང་ནས་ང་དང་དགེ་འདུན་པ་ཁ་ཤས་ཤིག་འདིར་བསླེབས་ཡོད། དེང་སང་ང་ཚོའི་ཕྱོགས་ནས་གྲོང་ཚོའི་མགོ་འཁྲིད་ཚོས་ཁྱིམ་ཚང་གང་དང་གང་ནས་ཕྱི་སྐྱོད་ལག་འཁྱེར་བླངས་འདུག་ཞིབ་བཤེར་བྱེད་ཀྱི་འདུག་ཟེར། གལ་སྲིད་དགོན་པ་གཅིག་ནས་དགེ་འདུན་པ་ ༡༠ ལས་བརྒལ་བས་ཕྱི་སྐྱོད་ལག་འཁྱེར་བླངས་ཡོད་ཚེ། དགོན་པ་ནག་ཉེས་ཅན་དུ་བརྩིས་ཏེ་དགེ་འདུན་པ་ཡོངས་ལ་སློབ་གསོ་སྤྲོད་རྒྱུ་ཡིན་ལུགས་བརྗོད་ཀྱི་འདུག་ཟེར།

སྤྱིར་བཏང་ང་ཚོའི་ལག་ཏུ་ཡོད་པའི་ཕྱི་སྐྱོད་ལག་འཁྱེར་དམར་པོ་འདི་ང་ཚོས་བརྐུས་ཡོང་བ་མ་རེད་ལ། འཕྲོག་ཡོང་བའང་མ་རེད། ང་ཚོས་སྒོར་མོ་མང་པོ་སྤྲད་ནས་རྒྱ་ནག་གཞུང་རང་གིས་བཟོས་ཏེ་སྤྲད་པ་རེད། ངས་ཆེད་དུ་དུས་ཚོད་བསྒྲིགས་ཏེ་ཟླ་དང་པོའི་ཟླ་མཇུག་བར་དུ་བསྡད་ཆོག་པ་བྱས་ཡོད། ཡིན་ནའང་། དུས་ཚོད་མ་རྫོགས་གོང་ནས་ཤོག་ཟེར་ནས་སྡོད་བཅུག་གི་མི་འདུག ནམ་རྒྱུན་སྲིད་གཞུང་གིས་རྒྱ་ནག་ནང་ཆོས་ལུགས་རང་དབང་ཡོད་ཅེས་འཛམ་གླིང་ཡོངས་ལ་སྒྲོག་གི་ཡོད་པ་དང་། མང་པོ་ཞིག་གིས་སྐད་ཆ་དེ་ཚོར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ད་རེས་རྒྱ་ནག་ནང་ཆོས་དད་རང་དབང་ཡོད་ཟེར་བ་དེ་དངོས་གནས་ཡིན་མིན་གསལ་པོ་ཆགས་སོང་ང་། ཆོས་དད་རང་དབང་ཡོད་ན་ང་ཚོ་ག་རེ་བྱས་ནས་ཕྱིར་ལོག་དགོས་པ་རེད། ཁྱེད་རང་ཚོ་གསར་འགོད་པ་དང་རང་དབང་གི་ཚོགས་པ་ཚོས་གནད་དོན་འདི་འཛམ་གླིང་ཡོངས་ཀྱིས་ཤེས་པ་ཞིག་བཟོ་དགོས་པ་རེད། ཅེས་དང་། ད་ལོར་ཁོང་ཚོའི་ཕ་ཡུལ་ནས་མི་གྲངས་ ༣༠༠༠ ལྷག་གིས་ཕྱི་སྐྱོད་ལག་འཁྱེར་ཞུས་ཡོད་ཀྱང་བརྒྱ་ཆ་ ༧༠ ལ་སྤྲད་མེད་སྐོར་བརྗོད་བྱུང་།

ཡང་ཁྱིམ་ཚང་གཅིག་གི་བཟའ་མི་འགའ་བསླེབས་བསྡད་ཡོད་པ་ཞིག་ལ་བཟའ་མི་མང་པོར་ཕྱི་སྐྱོད་ལག་འཁྱེར་མཉམ་དུ་ག་འདྲ་རག་སོང་བ་དང་། ད་ལྟ་ཕྱིར་ག་རེ་བྱས་ནས་ལོག་གི་ཡོད་དྲིས་པར་ཁོང་གིས། ཕྱི་སྐྱོད་ལག་འཁྱེར་རྣམས་རྒྱལ་ཁབ་གཞན་ཞིག་ཏུ་ཞུས་ཏེ་རག་པ་ཡིན་སྐོར་བརྗོད་དང་། ཁོའི་ཁྱིམ་ཚང་ནང་ལས་བྱེད་དང་སློབ་ཕྲུག ཕྱི་སྐྱོད་ཁག་ཐེག་དཔང་མི། དེ་བཞིན་རྒྱ་ནག་གཞུང་ནས་སྐྱོབ་གསོ་སྤྲོད་པ་སོགས་གང་ཡང་མེད་ཀྱང་། མགྱོགས་པོར་ཕྱིར་མ་ལོག་ན་ཁོང་ཚོའི་གྲོང་ཚོ་ལའང་གནོད་པ་སྐྱེལ་ཉེན་ཡོད་སྐོར་བརྗོད་བྱུང་།

བོད་ནས་ཡོང་བའི་པ་ལགས་ཤིག་ལ་རྒྱ་ནག་གཞུང་གིས་ཤོག་ཟེར་གྱི་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་ཅི་གོ་རྒྱུ་མི་འདུག བོད་ནང་འབྲེལ་བ་རྩ་བ་ནས་བྱེད་ཀྱི་མེད། གང་ལྟར་ཆོག་མཆན་དུས་ཡུན་རྫོགས་གྲབས་ཡོད་དུས་མ་གཏོགས་འགྲོ་རྒྱུ་མིན། རྒྱ་ནག་གཞུང་གིས་ག་རེ་བྱེད་ཐུབ་ཀྱི་རེད། ངའི་ཁྱིམ་ཚང་ནང་གཞུང་གི་ལས་བྱེད་དེ་འདྲ་གང་ཡང་མེད་། ས་གནས་ཁ་ཤས་སུ་ཕྱིར་མ་ལོག་ན་ཁྱིམ་ཐོའི་ནང་ནས་ནག་གསུབ་གཏོང་གི་ཡིན་སྐོར་རྗོད་ཀྱི་ཡོད་ས་རེད་དེ། ཁྱིམ་ཐོའི་ནང་ནས་འཕུད་སྲིད་ཀྱི་མ་རེད་བསམ་གྱི་འདུག ཕར་བསླེབས་རྗེས་ཟླ་ཤས་རིང་བཀག་ཉར་བྱས་ཏེ་སློབ་གསོ་འདྲ་སྤྲོད་སྲིད་པ་རེད་དེ་ལས་སླ་བོ་རེད་བཱ། ད་ལྟ་ཅུང་སེམས་འཁྲལ་ཞིག་ཡོད་པ་དེ་བྱིས་པ་འགའ་སློབ་གྲྭར་འགྲོ་བཞིན་ཡོད་སྟབས། ཁོ་ཚོ་སློབ་གྲྭར་འགྲོ་མི་ཆོག་པ་བཟོ་ཡོང་ན་བསམ་ནས་སེམས་འཁྲལ་འདུག ཅེས་བརྗོད་བྱུང་།

ཡང་དགུང་ལོ་ཧ་ཅང་ཆེན་པོ་ཡིན་པའི་གནས་སྐོར་བ་པ་ལགས་ཤིག་གིས། ང་ལ་ཕྱིར་ཤོག་ཟེར་གྱི་མི་འདུག གལ་སྲིད་ལབ་པ་ཡིན་ནའང་འགྲོ་ཡི་མིན། ང་བྲོས་ཡོང་བ་ནི་མིན། ཁོ་རང་ཚོས་ཡིག་ཆ་བྱིན་ནས་འགྲོ་བཅུག་བྱུང་། ཕར་བསླེབས་དུས་ཅིག་བྱེད་ངེས་རེད་བསམ་གྱི་འདུག་སྟེ་བྱས་མ་བྱས་མེད། ཅིག་བྱས་ན་སློབ་གསོ་སྦྱོང་བརྡར་འདྲ་སྤྲད་དེ་ཟླ་ཤས་རིང་འདུག་དགོས་པ་དང་། དེ་བཞིན་རྒན་འཁོགས་ཀྱི་སྐྱོབ་གསོ་ཉུང་ཉུང་ཞིག་ཡོད་པ་དེ་བཅད་འཇོག་གི་རེད། བཅད་བཞག་པ་ཡིན་ནའང་ཐབས་ཤེས་ཡོད་པ་མ་རེད། ང་འགྲོ་ཡི་མིན་ཟེར།

གཞན་ཡང་། ཕ་ཡུལ་གཅིག་པ་མང་པོ་བསླེབས་ཡོད་པའི་རྒྱ་གར་ནང་གནས་སྡོད་བོད་མི་ཞིག་གིས། ད་ལོ་ངའི་ཕ་ཡུལ་ནས་མི་ཧ་ཅང་མང་པོ་བསླེབས་འདུག་ཀྱང་། རྡོ་རྗེ་གདན་དུ་བསླེབས་རྗེས་འཕྲལ་དུ་ཕྱིར་ལོག་དགོས་སྐོར་བརྗོད་དེ་ད་ལྟ་མང་ཆེ་བ་ལོག་ཚར་འདུག ད་ཁ་ཤས་ཤིག་ལྷག་ཡོད་པ་དེ་ཚོའང་འཕྲལ་དུ་ཕྱིར་ལོག་པའི་བཀའ་རྒྱ་བསླེབ་གྲབས་ཨེ་ཡོད་བསམ་ནས་ཞེད་ཀྱི་འདུག ཕྱིར་ཤོག་ལབ་རྗེས་མ་ལོག་ཐབས་མེད་རེད། ཅེས་བརྗོད་བྱུང་ལ། ཡང་ཁོང་གི་ཕ་ཡུལ་གཅིག་པ་གཞན་ཞིག་གིས། ཁོའི་ཕ་ཡུལ་གཅིག་པ་ཞིག་གིས་ཁ་པར་སྒོ་བརྒྱབ་སྟེ་འབྲེལ་གཏུག་བྱེད་ས་མེད་པ་བཟོས་ནས་བསྡད་ཡོད་ཀྱང་། མི་དང་མི་བརྒྱུད་དེ་འཕྲལ་དུ་ཕྱིར་ལོག་དགོས་པའི་བརྡ་བསླེབས་ཡོད་སྐོར་བརྗོད་བྱུང་།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

One thought on “རྒྱ་ནག་ནང་ཆོས་དད་རང་དབང་ཡོད་མེད་ད་རེས་ཤེས་སོང་ང་།

  1. ཡེ་ཤེས་དབང་ཕྱུག།

    ང་ནི་བོད་པ་ཤིག་མིན་ཡིན་ཡང་བོད་ལ་ལ་ཉེས་སྡུག་གི་གནས་ཚུལ་དེ་འདྲ་གོ་དུས་ཅི་བྱེད་འདི་བྱེད་མི་ཤེས་པའི་སྡུག་བསྔལ་ནམ་རྒྱུན་དང་མ་འདྲ་བ་ཞིག་ངའི་སེམས་སུ་བབས་ཡོང་གི་འདུག། ང་གྲྭ་པ་དཀྱུས་མ་ཞིག་ཡིན་པ་སོང་ཙང་ངའི་སྙིང་ནས་ཐབས་ཤེས་ཟེར་ནའང་འདྲ་མིན་ནའང་འདྲ་བོད་དང་བོད་མི་ཚོ་ལ་དཀའ་ངལ་དང་སྡུག་བསྔལ་མ་ཡོང་བའི་རེ་བ་དང་སྨོན་ལམ་གཅིག་པུ་དེ་ཡང་ནས་ཡང་དུ་གྲངས་མེད་ཞུས།།