མཐོ་སྒང་བོད་ལ་སེམས་འཚབ།

སི་ཨེན་ཨེན་(CNN)གསར་འགོད་པའི་ཆེད་སྒྲིག

བོད་ཀྱི་རྒྱལ་ས་ལྷ་སའི་སྐྱ་རེངས་དང་པོའི་ལྷིང་འཇགས་དེ་ཆོས་མཇལ་བའི་ཞལ་འདོན་གྱིས་མཚམས་སྦྱོར་བྱེད་ཅིང་། བོད་ནི་ནང་བསྟན་ཆོས་ལུགས་ཀྱི་གནས་རྩ་ཆེ་ཤོས་སུ་བརྩི་བའི་ཇོ་ཁང་གི་ཕྱི་ལོགས་སུ་ཆོས་མཇལ་བ་ཚོས་གསོལ་བ་སྨོན་ལམ་འདེབས་བཞིན་འདུག ཁ་ཤས་ཀྱིས་རྡོ་བཅལ་གྲང་མོའི་ཐོག་ཕྱག་འཚལ་བ་དང་། ཁ་ཤས་ཀྱིས་མ་ཎི་ལག་འཁོར་ཁྱེར་ནས་དགོན་པར་གཡས་སྐོར་བྱེད་ཅིང་། ཉེ་འཁོར་ཡོངས་སུ་སྤོས་ཀྱི་དྲི་ངད་ཀྱིས་ཁྱབ་ཡོད། ང་ཚོ་ཁུ་སིམ་མེར་ཟུར་ཞིག་ནས་ལོ་ངོ་བརྒྱ་ཕྲག་བརྒྱུད་དེ་ཡོང་བའི་ལུགས་སྲོལ་དེ་ཚོ་ལ་བལྟས་ཏེ་བསྡད་པ་ཡིན།

TibetTimes

བྱང་ཀོ་རི་ཡ་ལས་ཀྱང་དམ་དྲག་ཆེ་བའམ།

ཞོགས་པའི་སྐྱ་རེངས་དང་པོའི་ལྷིང་འཇགས་དེས་ཡུལ་དེའི་ཛ་དྲག་གི་གནས་སྟངས་ལའང་མགོ་སྐོར་གཏོང་གི་འདུག

རྒྱ་ནག་རྒྱལ་ས་པེ་ཅིན་དམར་ཤོག་གཞུང་གིས་བོད་དུ་སྤྱི་ལོ་ ༡༩༥༡ ནས་བཟུང་བཙན་འཛུལ་བྱས་ཏེ། མཐར་སྤྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་བཙན་འཛུལ་འགོག་མ་ཐུབ་པར་བོད་པའི་ཆོས་ཀྱི་ཁྲིད་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་རེད།

མཚམས་རེར་གཞིས་བཞུགས་བོད་མིས་རྒྱ་གཞུང་ལ་ངོ་རྒོལ་དང་ཁ་གཏད་བཅགས་ཏེ་ཟིང་འཁྲུག་ཧ་ཅང་ཆེན་པོ་ཆགས་ཀྱིན་ཡོད། ཐབ་རྩོད་པ་ཁ་ཤས་ཤིག་གིས་གསུངས་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བཙན་གནོན་དང་དམ་དྲག་བྱེད་བཞིན་པ་དེར་ངོ་རྒོལ་བྱས་ནས་ཕྱི་ལོ་ ༢༠༠༩ ཟླ་བ་ ༣ པ་ནས་བཟུང་ད་བར་བོད་མི་ ༡༤༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཟིན་ཡོད་འདུག

འོན་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་དེ་ཕྱི་མིར་མཐོང་དུ་འཇུག་འདོད་མེད། དེར་བརྟེན། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་དུ་བསྐྱོད་པར་ངེས་པར་དུ་པེ་ཅིན་ལ་ཆོག་ཆེན་ཞུ་དགོས་ཤིང་། སྐབས་རེར་བདུན་ཕྲག་མང་པོར་བོད་དུ་སྐྱོད་པའི་ཆོག་ཆེན་ཞུ་ས་དེའང་སྒོ་བརྒྱབ་སྟེ། གང་ལྟར་ཁོང་ཚོས་གསར་འགོད་པ་བོད་ལ་འགྲོ་ཆོག་པའི་ཆོག་ཆེན་སྤྲོད་རྒྱུ་ཧ་ཅང་དཀོན་པོ་རེད།

འོན་ཀྱང་། ཕྱི་ཟླ་ ༩ པའི་ཟླ་མགོར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་ཉིན་ལྔའི་རིང་གསར་འགོད་པ་ཁ་ཤས་འགྲོ་ཆོག་པའི་ཆོག་ཆེན་སྤྲད་པ་དང་། དེའི་ཁོངས་སི་ཨེན་ཨེན་ཡང་ཡོད། དེ་ནི་ཕྱི་ལོ་ ༢༠༠༦ རྗེས་སུ་སི་ཨེན་ཨེན་བོད་དུ་འགྲོ་ཆོག་པའི་ཆོག་ཆེན་ཐོབ་པ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད། འོན་ཀྱང་། དེང་སང་དབེན་པའི་རྒྱལ་ཁམས་(Hermit Kingdom)དུ་འབོད་པའི་བྱང་ཀོ་རི་ཡ་ལ་ཆ་བཞག་ན་ལོ་ངོ་དེ་དག་རིང་སི་ཨེན་ཨེན་ལ་དེར་བསྐྱོད་ཆོག་པའི་ཆོག་ཆེན་ཐེངས་ ༡༢ ལྷག་ཐོབ་ཏེ་དེར་བསྐྱོད་ཟིན་པ་རེད།

ང་ཚོ་བོད་ནང་སྐྱོད་པའི་རིང་རྒྱ་ནག་གིས་ཁོང་ཚོའི་སྟངས་འཛིན་ཁོ་ནའི་འོག་ཁྲིད་བྱུང་། དེ་ཡང་། རྒྱལ་སྤྱིའི་སྤྲོ་འཆམ་ལྟེ་གནས་དང་། ལག་རྩལ་འཛིན་གྲྭ་ཚོགས་ས། དེ་བཞིན། གཞས་དང་ཞབས་བྲོ་འཁྲབ་སྟོན་བྱེད་ས་སོགས་ནས་ཉིན་མ་རྫོགས་བཅུགས།

ང་ཚོས་གང་མཐོང་བ་དང་མ་མཐོང་བ།

ང་ཚོའི་ཕྱོགས་སྐོར་སྐྱོད་ངོ་བོ་དེ་རྩོད་རྙོག་དང་འབྲེལ་བའི་གནད་དོན་ལ་བར་ཐག་རིང་ཞིང་། དྲི་བ་ངོ་མ་འདྲི་མི་ཆོག་པ་དེ་ཡིན། ང་ཚོ་བོད་དུ་བསྐྱོད་སྐབས་རྒྱ་གཞུང་གི་མི་སྣ་མཐོ་ཤོས་བོད་ཀྱི་ཚོགས་གཞོན་སྤེན་པ་བཀྲ་ཤིས་ཐུག ང་ཚོས་ཁོང་ལ་གནད་དོན་ཁ་ཤས་ཐད་དྲི་བ་གཏང་རྒྱུའི་རེ་བ་བྱས་པ་ཡིན། འོན་ཀྱང་། ཁོང་ཚོས་ང་ཚོ་བཙན་པོ་དབང་ཡོད་ཐོག་ཁ་བཙུམས་ནས་བསྡད་བཅུགས་ཏེ། ཁོང་གིས། བོད་མི་ཚང་མ་བོད་དུ་སྐྱིད་པོ་དང་འདོད་བློ་ཁེངས་ནས་བསྡད་ཡོད། ཅེས་སྐར་མ་ ༨༠ ལྷག་རིང་མཚམས་མ་བཅད་པར་བཤད་སོང་། སྐད་ཆ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་བཞིན་པ་དང་རྦད་དེ་ལྡོག་ཕྱོགས་རྐྱང་རེད།

དེ་ནས་ང་ཚོ་རྒྱ་གར་ས་མཚམས་སུ་ཡོད་པའི་གྲོང་སྡེ་ཉིང་ཁྲི་ལ་ཁྲིད་བྱུང་། ང་ཚོས་ཡུལ་དེའི་ནང་པའི་དགོན་པར་ལྟ་སྐོར་བྱེད་འདོད་ཡོད་ཚུལ་བཤད་པར། ང་ཚོ་ལ་དེར་གང་ཡང་ཡོད་པ་མ་རེད་ཅེས་ལབ་སོང་། ངས་བདུན་ཕྲག་གཉིས་ཀྱི་སྔོན་དུ་གྷོ་གྷལ་(google)ལ་འཁྱུག་ཙམ་བལྟས་དུས། རྒྱ་ནག་གཞུང་གི་གསར་འགྱུར་རྩོམ་ཡིག་(Chinese State Media) ཐོག་ང་ཚོ་སྒུག་སྡོད་ཡོད་ས་ནས་སྤྱི་ལེ་ ༢༤ ཙམ་གྱི་སར་དགོན་པ་ཞིག་ཡོད་པ་དེའི་དཔར་བཀོད་འདུག དེའི་སྐོར་ང་ཚོ་ཁྲིད་མཁན་དེར་དྲིས་པར་ཁོས་ང་ཚོའི་དྲི་བར་ཁ་ཡ་བྱས་མ་སོང་།

མདོར་བསྡུས་ནས་བཤད་ན། བོད་ཀྱི་རྒྱལ་ས་ལྷ་སའང་ང་ཚོ་ཕྱིན་པའི་རྒྱ་ནག་གི་གྲོང་ཁྱེར་གཞན་དག་ལྟར་བདེ་ཞིང་། བྲེལ་འཚུབ་ངང་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པ་མཐོང་སོང་།

མེ་ལྕགས་སྒམ་ཆུང་།

བོད་ནང་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་མཁན་རྣམས་ཀྱིས་གནས་སྟངས་མིག་སྟོན་གསལ་བཤད་བྱས་པ་དེ་མེ་མ་འབར་གོང་མེ་ཚག་བསད་པ་དང་གཅིག་མཚུངས་རེད། ཤར་ཨེ་ཤ་ཡའི་རྒྱལ་སྤྱིའི་ཨེམ་ནིས་ཊི་ཚོགས་གཙོ་(East Asia Director at Amnesty International)ནེ་ཀོ་ལཱས་བི་ཀུཨི་ལེམ་(Nicholas Bequelin)ལགས་ཀྱིས། བོད་ནི་རྒྱ་ནག་གི་ས་གནས་གཞན་དག་ལས་ཆོས་དང་ཆབ་སྲིད་ལ་བཙན་གནོན་དང་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད། ཅེས་བརྗོད་ཡོད།

བོད་ནང་རྒྱ་ནག་ཧྭན་རིགས་མང་པོ་ཡོང་ནས་བོད་མི་གྲངས་ཉུང་མི་རིགས་ཆགས་བཞིན་པ་དེ་སེམས་ཚབ་བྱེད་ཡུལ་ཆེ་ཤོས་ཤིག་རེད། མཁས་པ་ཤིག་གིས་གསུངས་དོན། ཕྱི་ལོ་ ༡༩༦༤ ལོར་བོད་ཁུལ་དུ་ཧྭན་མི་རིགས་ ༣༩༥༠༠ ཡོད་ཅིང་། དེས་བོད་ནང་གི་མི་འབོར་གྱི་བརྒྱ་ཆ་ ༣ ལས་ཟིན་མེད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཞིབ་གཤེར་བྱས་སྐབས་བོད་ནང་ཧྭན་མི་རིགས་ཀྱི་གྲངས་འབོར་ ༢༤༥༠༠༠ ཟིན་འདུག་ཟེར། རྒྱ་ནག་ནས་བོད་དུ་བསླེབས་པའི་ཧྭན་མི་རིགས་ལས་ཁ་ཤས་ནི། ཚོང་པ་དང་ལས་བྱེད། ཚོང་གི་མ་རྩ་འཛུགས་མཁན་སོགས་ཡིན་ཡང་། རྗེས་སུ་དེ་དག་ལས་བརྒྱ་ཆ་ ༡༠ ཙམ་ནི་ལྷ་ས་རང་ལ་གཞིས་ཆགས་ཏེ་སྡོད་ཀྱི་ཡོད། ང་ཚོ་འཁྱམ་ཉུལ་བྱེད་སའི་ལྷ་སའི་ཚོང་ཁང་མང་ཆེ་བའི་བདག་པོ་ཧྭན་རིགས་ཡིན་པ་མཐོང་སོང་།

དཔལ་འབྱོར་གྱི་གནས་སྟངས་ཆ་མི་སྙོམས་པ།

རྒྱ་ནག་གཞུང་ངོས་ནས་འགྲོ་སོང་ཨ་སྒོར་སྟོང་ཕྱུར་མང་པོ་བཏང་སྟེ། ཡུལ་ལུང་གི་རྣམ་པ་འགྱུར་བའི་ཆེད་དུ་སློབ་གྲྭ་དང་དེང་དུས་སྨན་ཁང་གི་མཐུན་རྐྱེན་སོགས་གང་སར་འཛུགས་བསྐྲུན་བྱས་ཡོད། ང་ཚོས་ལྷ་ས་དང་ཉིང་ཁྲིའི་བར་དུ་གཞུང་ལམ་ཧ་ཅང་ཆེན་པོ་ཞིག་རྒྱག་བཞིན་པ་མཐོང་སོང་།

ང་ཚོའི་རླངས་འཁོར་དམ་འབག་དང་ས་དོང་ནང་འཕག་འཚག་རྒྱག་བཞིན་ཕྱིན་སྐབས། ངའི་སེམས་ནང་མ་འོངས་པར་གཞུང་ལམ་ཆེན་པོ་དེ་ལེགས་འགྲུབ་འབྱུང་ན། ཆུ་ཚོད་དགུ་ལ་སྐྱོད་དགོས་པའི་ལམ་དེ་ཆུ་ཚོད་ཕྱེད་ཀའི་ནང་བསླེབ་ཐུབ་པ་རེད་བསམ་སོང་།

བོད་མི་མང་པོ་ཞིག་ད་དུང་ཡང་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་སྐྱོ་བོ་འདུག་ཅིང་། ཁོང་ཚོས་འཛུགས་བསྐྲུན་གསར་པར་དགའ་བསུ་ཞུ་བཞིན་འདུག་མོད། འོན་ཀྱང་། དེ་ནི་མ་འོངས་པའི་གྱོང་གུད་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་གདོན་མ་ཟད། དེས་སྲོལ་རྒྱུན་འབྲོག་པའི་འཚོ་བ་རིམ་གྱིས་ཉམ་དམས་སུ་གཏོང་ངེས་ཡིན།

ཡང་ཁ་ཤས་ཤིག་གིས་བོད་རིགས་ཚོས་རྒྱ་རིགས་དང་གཅིག་མཚུངས་ཀྱི་ལས་ཀ་བྱས་ཀྱང་ཕོག་ཕོབ་འདྲ་མཉམ་མི་སྤྲོད་པ་དེར་སྐྱོན་བརྗོད་བྱེད་ཀྱིན་འདུག ང་ཚོ་ལྷ་སར་ཡོད་པའི་ཉིན་ཞིག་ལ། ཉིན་གུང་ཁ་ལག་བར་གསེང་དང་བསྟུན་ཏེ་རྒྱ་གཞུང་གི་ལྟ་རྟོག་བྱེད་མཁན་ལ་མ་བཤད་པར། ང་ཚོ་སྡོད་སའི་མགྲོན་ཁང་རྒྱབ་ཀྱི་ལམ་ཁ་ནས་ཕྱིན་སྐབས། བོད་ཕྲུག་རང་ལོ་ ༢༩ ཅན་གྱི་ངལ་རྩོལ་བྱེད་མཁན་ཞིག་ལ་ཐུག་སོང་། ཁོང་སློབ་གྲྭར་འགྲོ་མྱོང་མི་འདུག ཁོས་སྔོན་མ་ལས་ད་ལྟ་དངུལ་མང་བ་གསོག་ཐུབ་ཀྱི་འདུག་ཟེར། འོན་ཀྱང་། ཁོ་རང་གི་ལས་རོགས་ཧྭན་མི་རིགས་ཚོ་ལ་གླ་ཆ་མང་བ་སྤྲོད་ཀྱིན་འདུག ཅེས་བརྗོད་བྱུང་། ད་དུང་ཁོས་བརྗོད་། ང་ཚོ་ལས་ཀ་གཅིག་མཚུངས་བྱས་ཀྱང་ཧྭན་མི་རིགས་ལ་རྒྱ་སྒོར་ ༣༠༠ དང་བོད་རིགས་ལ་རྒྱ་སྒོར་ ༢༠༠ མ་གཏོགས་སྤྲོད་ཀྱི་མི་འདུག་ཟེར། འདི་ནི་རྒྱ་མིས་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་དཔེ་མཚོན་ཞིག་ཡིན་ལ། གནས་སྟངས་དེས་བོད་རིགས་མང་པོ་རྒྱ་མིའི་དབང་བསྒྱུར་ལ་མ་དགའ་བ་རང་བཞིན་གྱིས་ཡོང་གི་ཡོད་པ་རེད།

བོད་ཀྱི་རིག་གཞུང་།

རྒྱ་རིགས་མང་པོ་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་དེ་གངས་རིར་འཛེག་པ་དང་། རྩ་ཐང་གང་སར་འཁྱམ་ཉུལ་བྱེད་པ་སོགས་ཀྱིས་བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་བོད་མི་མང་པོས་ཚོར་བཞིན་འདུག རྒྱ་ནག་གཞུང་གི་གསར་འགྱུར་ལྟར་ན། ད་ལོ་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༡༧ ཙམ་ཡོང་གི་རེད་ལ། དེ་འདྲ་ནི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཡིན་ཟེར། དེ་ལ་ཁ་ཤས་ཀྱིས་ཡུལ་སྐོར་སྤྲོ་འཆམ་པ་གྲངས་འབོར་དེ་ཙམ་དངོས་གནས་ཡོང་གི་རེད་དམ་ཞེས་དྲི་བ་དྲིས་འདུག ང་ཚོར་ཐུག་པའི་རྒྱ་ནག་གཞུང་འབྲེལ་མི་སྣ་ཞིག་གིས། ཕྱི་ལོ་ ༢༠༢༠ བར་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༣༥ ཙམ་བསླེབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཡང་སྐྱོན་བརྗོད་བྱེད་མཁན་ཞིག་གིས། རྒྱ་གཞུང་གིས་དངུལ་སྤྲད་དེ་ཡུལ་མི་ཚོར་མགོ་སྐོར་བཏང་ནས་བོད་ཀྱི་རིག་གཞུང་རྣམས་ཚོང་འབྲེལ་ཆེད་བེད་སྤྱོད་གཏོང་གི་འདུག་ཟེར། ལྷ་སར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་སྟབས། ཕྱི་རྒྱལ་གྱི་དངོས་ཟོག་མང་དུ་བྲིན་པ་མ་ཟད། སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཇེ་མང་དུ་འགྲོ་བཞིན་པ་སོགས་བོད་ཡུལ་དེ་བོད་རིགས་མིན་པའི་དབང་བསྒྱུར་འོག་ཡོངས་སུ་ཚུད་འགྲོ་བའི་སེམས་ཁྲལ་ཡང་བྱེད་ཀྱི་འདུག

རྒྱ་ནག་གཞུང་གི་སྟངས་འཛིན་པ་ཚོས་ང་ཚོ་ཉིང་ཁྲིར་ཡོད་པའི་གྲོང་གསེབ་གསར་པ་བརྒྱབ་ཡོད་ས་ཞིག་ཏུ་ཁྲིད་བྱུང་། དེ་ནི་གཙོ་བོ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཡིད་འགུག་བྱེད་རེད་འདུག དེ་ལ། ཚོང་ཁང་དང་མགྲོན་ཁང་མང་ཙམ་འདུག་ཅིང་། དེ་དག་ནི་རྒྱ་ནག་གཞུང་དང་བཟོ་གྲྭ་ཁག་གིས་མཉམ་འབྲེལ་གྱིས་བརྒྱབ་པ་ཤ་སྟག་ཡིན་འདུག་ལ། ཚོང་ཁང་དང་མགྲོན་ཁང་མང་ཆེ་བ་རྒྱ་རིགས་ལ་བོགས་མར་གཏང་རྒྱུ་རེད་ཟེར།

རྒྱ་རིགས་ལམ་ཁྲིད་པ་དེས་ང་ཚོར་བརྗོད་པ་ལྟར་ན། བོད་རིགས་དེ་ཚོ་སྔོན་མ་ས་ཆ་གཞན་ཞིག་ཏུ་ཆགས་ཡོད་ཀྱང་རྒྱ་གཞུང་གིས་བཙན་པོ་དབང་ཡོད་ཐོག དེ་གར་གྲོང་པ་གསར་པ་བཟོས་ཏེ་གནས་སྤོས་བཅུག་པ་རེད་ལ། གལ་སྲིད་ཁོ་ཚོར་འདོད་པ་ཡོད་ན། ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ཏན་ཤིང་དང་ཇ་བཙོང་ཆོག་གི་རེད་ཟེར།

Tibettimes

ཁས་མ་ལེན་ནས་འདུག་ཐབས་མེད།

སི་ཨེན་ཨེན་གྱིས་དེར་ཡོད་བོད་པའི་བུད་མེད་ལྷ་མོ་ཟེར་པ་ཞིག་ལ་སྐད་ཆ་བཤད་པ་ཡིན། ཁོ་མོར་དེ་སྔོན་སྤྲོ་སྐྱིད་གཏོང་སའི་ཁང་པ་ཆུང་ཆུང་ཞིག་ཡོད་པ་དེར། རྗེས་སུ་རྒྱ་ནག་གཞུང་གིས་རོགས་སྐྱོར་བྱས་ཏེ་ཡུལ་སྐོར་སྤྲོ་འཆམ་པའི་མགྲོན་ཁང་བཟོས་ཡོད་འདུག ང་ཚོས་ཁོ་མོ་དང་སྐད་ཆ་བཤད་སྐབས། རྒྱ་མི་ལམ་ཁྲིད་པས་དེ་ལ་ལེགས་པར་ཉན་ཞིང་རྒྱབ་ནས་ང་ཚོའི་སྐད་ཆ་ལ་ཡ་ལན་མ་སྤྲོད་ཅེས་པའི་བརྡ་སྣ་ཚོགས་བསྟན་སོང་།

ང་ཚོས་ཁོ་མོར་ཧྭན་མི་རིགས་གནས་སྤོ་བ་དང་འཛུགས་སྐྲུན་བྱེད་བཞིན་པ་དེ་དག་གིས་བོད་ཀྱི་རིག་གཞུང་ལ་གནོད་ཚབས་ཡོང་གི་འདུག་གམ་ཞེས་དྲིས་པར། ཁོ་མོས་དོག་མི་བདེ་བའི་འཛུམ་ཙམ་བསྟན་ཏེ། ཧ་གོ་ཡི་མེད། ཅེས་བརྗོད་བྱུང་།

ཁོ་མོ་ལྟར་ཁ་མ་གསངས་བར་ངག་འགྲོས་ལྕི་བོའི་ངང་སྐད་ཆ་ཤོད་མཁན་ནི། བོད་ཀྱི་ས་ཆ་གང་དུ་ཕྱིན་ཡང་གཅིག་མཚུངས་མཐོང་རྒྱུ་འདུག འཐབ་རྩོད་པ་ཚོས་བརྗོད་གསལ་ལྟར་ན། གལ་ཏེ་དེ་ལྟར་མ་བྱས་པར་ཁ་གསངས་པོ་དང་དྲི་བ་གང་ཡིན་ལ་ཡ་ལན་སྤྲད་ན་བཙོན་ཁང་ནང་འཇུག་གི་རེད་ཟེར།

བི་ཀུལ་ལིན་གྱིས། ཕྱི་ལོ་ ༢༠༡༢ རྗེས་ནས་ད་ལྟའི་བར་ཆོས་དད་རང་དབང་དང་། དཔལ་འབྱོར་ཐོབ་ཐང་འདྲ་མཉམ་མེད་པར་ངོ་རྒོལ་བྱེད་མཁན་བོད་མི་ ༤༠༠ ཙམ་བཙོན་ཁང་དུ་ཡོད། དེ་དག་ཁྲོད་ཀྱི་ཁ་ཤས་ནང་ཆོས་ནང་རྩ་ཆེན་དུ་བརྩི་བའི་གནས་རིར་རྒྱ་ནག་གིས་ཁྲིམས་བརྒལ་ཐོག་གཏེར་ཁ་སྔོག་འདོན་བྱེད་པར་ངོ་རྒོལ་བྱེད་མཁན་ཁག་ཅིག་ཀྱང་ཡོད། ཅེས་བརྗོད་ཡོད།

མ་ཡིག་འབྲེལ་ཐག http://edition.cnn.com/2016/12/29/asia/china-tibet/

བསྐྱར་བཅོས།: ༢༠༡༧/༠༡/༠༤

Leave a Reply