རྒྱ་གར་ནང་གི་ཆོས་ལུཊ་འདྲ་མིན་གྱི་དབུ་བླ་རྣམ་པ་རྡོ་རྗེ་གདན་དུ་འཛོམས།

༧གོང་ས་མཆོག་གིས་འཛམ་གླིང་གི་མི་གྲངས་དུང་ཕྱུར་བདུན་ཅུ་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་ལྟར་ཆོས་ལུགས་གྲུབ་མཐའ་ཡང་སྣ་ཚོགས་བྱུང་ཡོད་ཀྱང་མི་བཟང་པོ་དང་བྱམས་བརྩེ་སོགས་ཀྱི་བསླབ་བྱ་ཆོས་ལུགས་ཚང་མ་གཅིག་གྱུར་ཡིན་སྐོར་སོགས་གསུངས།

TibetTimesདེ་རིང་ཉིན་རྒྱབ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཡུལ་ཆོས་རའི་ནང་། རྒྱ་གར་པི་ཧར་མངའ་སྡེའི་རྒྱལ་ས་པ་ཊི་ནཱ་རུ་ཚོགས་པའི་སིག་གི་ཆོས་དཔོན་གུ་རུ་གྷོ་པིན་སིཀ་མཆོག་སྐུ་གཤེགས་ཏེ་ལོ་ངོ་ ༣༥༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་ཕེབས་པའི་རྒྱ་གར་ནང་གི་ཁ་ཆེ་དང་ཧིན་རྡུ། སིཀ ཇིན་བཅས་ཀྱི་ཆོས་ལུགས་དབུ་བླ་ཁག་ཅིག་ཆེད་དུ་བཅར་ཏེ་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་དབུ་བླ་རྣམ་པས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གསུང་བཤད་ཐུང་ཐུང་རེའང་གནང་སོང་།

དེ་ཡང་མཛད་སྒོའི་ཐོག་པན་ཇབ་གསེར་གྱི་ལྷ་ཁང་གི་འགན་འཛིན་སིཀ་(Sikh)གི་ཆོས་དཔོན་ཆེན་མོ་གྷ་ནི་གུ་རུ་བྷ་ཆན་སིན་(Gyani Guru Bachan Singh) མཆོག་དང་། ཁ་ཆེའི་བླ་ཆེན་མོ་ལཱ་ནཱ་ཨེ་ཛིཌ་ཨོར་རིཧ་མན་(Maulana Aziz Ur Rehman) མཆོག་དང་། ཇིན་(Jain)ཆོས་ལུགས་ཀྱི་བླ་ཆེན་ཨཅརྱ་ལོ་ཀེ་ཤི་མོ་ནི་(Acharya Lokesh Mohni)མཆོག ཧིན་རྡུ་ཆོས་ལུགས་ཀྱི་བླ་ཆེན་(Swami Chidanand Saraswati)མཆོག་བཅས་ཀྱིས་གསུང་བཤད་ཐུང་ངུ་རེ་གནང་སྟེ། ༧གོང་ས་མཆོག་དཔེ་མཚོན་དུ་བཞག་སྟེ་འཛམ་བུ་གླིང་གི་མི་ཚང་མས་བྱམས་དང་བརྩེ་བ་ཉམས་ལེན་བྱེད་དགོས་པ་དང་། དེ་བཞིན། འཛམ་གླིང་གི་མི་ཚང་མས་ཕ་མ་གཅིག་གི་སྤུན་མཆེད་ལྟ་བུའི་འདུ་ཤེས་ཀྱི་ཐོག་ནས་ཕན་ཚུན་ལ་གྲོགས་དང་རོགས་རམ་བྱེད་དགོས་པ་ནི་ཆོས་ལུགས་ཁག་གི་བསླབ་བྱ་གཙོ་བོ་ཞིག་ཡིན་པ་དང་། ཆོས་ལུགས་མི་འདྲ་བ་ཕན་ཚུན་བར་འཆམ་མཐུན་མཉམ་འབྲེལ་བྱེད་དགོས་པ། ཁོར་ཡུག་གཙང་མ་ཉར་དགོས་པ་སོགས་གསུངས་སོང་ལ། དེ་བཞིན་བོད་མིའི་སྐྱབས་མགོན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བདེ་སྐྱིད་དང་བྱམས་སྙིང་རྗེ་ཡི་རྒྱ་མཚོ་ལྟ་བུ་ཡིན་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་ཁོང་གི་སྐུ་མདུན་ནས་དུས་དབང་ཞུ་རྒྱུ་བྱུང་བ་དེས་ང་ཚོའི་རྒྱུད་ཀྱི་སྡིག་སྒྲུབ་ཐམས་ཅད་བྱང་ཞིང་འདག་ཐུབ་སྐོར་དང་། ཁ་སང་༧གོང་ས་མཆོག་ནས་འཛམ་གླིང་གི་ཆོས་ལུགས་ཚང་མར་བརྩི་བཀུར་དང་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་གསུངས་པ་དེ་ནི་ཧ་ཅང་རྩ་ཆེ་བའི་བཀའ་སློབ་ཅིག་ཡིན་སྐོར་སོགས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་འདིར་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་ཁྱད་པར་ཅན་དང་། ལོ་ངོ་ ༢༠༠༠ ལྷག་རིང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་མཁས་པ་དང་གྲུབ་པའི་དབང་ཕྱུག་མང་པོ་ཞིག་གི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཡིན་པ་དང་། གནས་ཁྱད་པར་ཅན་འདིར་ཆོས་བརྒྱུད་གཙོ་བོ་ཁ་ཤས་ཀྱི་དབུ་འཁྲིད་ཕེབས་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ཞེས་གསུངས་སོང་།

ཡང་ཁོང་གིས། དེ་རིང་འདིར་ཆོས་བརྒྱུད་མི་འདྲ་བ་མང་པོ་འཛོམས་ཡོད་པ་དང་། ཁྱེད་རང་ཚོའི་མདུན་དུ་ངས་ཞུ་རྒྱུ་ཞིག་ལ་གང་ལྟར་ང་མ་ཤི་བར་དུ་ཆོས་ལུགས་མཐུན་སྒྲིལ་ཡོང་བ་ཞིག་དང་། མཐུན་པོ་ཟེར་བ་དེ་ཁེ་པོ་སྙན་པོ་བཤད་པ་ཙམ་མ་ཡིན་པར་མི་འདྲ་བ་ག་རེ་ཡོད་པ་དེ་ཚོ་གསལ་པོ་བཟོས། མི་འདྲ་བ་ཡོད་ཀྱང་དེ་ཚོའི་བསླབ་བྱ་གཅིག་གྱུར་ཡིན་པ་ང་ཚོས་ངོས་འཛིན་གསལ་པོ་ཞིག་བྱེད་དགོས་པ་དང་། མི་འདྲ་བ་ཡོད་པ་དེ་ཚོ་ཁམས་དང་མོས་པ་མི་འདྲ་བར་ལམ་ཕྱོགས་ཀྱང་མི་འདྲ་བ་ཞིག་དགོས་ཀྱི་ཡོད་པ་རེད། དཔེར་ན། ངས་ནམ་རྒྱུན་འདི་འདྲ་ཤོད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་སྟོན་པ་གཅིག་གི་རྗེས་འབྲང་པའི་ནང་དུའང་བསམ་པ་རྒྱ་ཆེ་ཆུང་གི་ཐོག་ནས་ཉན་ཐོས་རང་རྒྱལ་བྱང་སེམས་བཅས་ཐེག་པ་གསུམ་དང་། ལྟ་གྲུབ་ཀྱི་ཐོག་ནས་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་བཅས་མི་འདྲ་བ་བཞི་བྱུང་ཡོད་པ་རེད།

TibetTimesབཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་གཅིག་པ་ཡིན་ཡང་ཁམས་དང་མོས་པ་མི་འདྲ་བ་ཡོད་སྟབས། ཐེག་པ་གསུམ་དང་གྲུབ་མཐའ་བཞི་གསུངས་ཡོད་པ་རེད། དེས་ང་ཚོར་ག་རེ་བཤད་ཐུབ་ཀྱི་རེད་ཟེར་ན། ད་ལྟ་འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་ ༧༠ ཡོད་པ་དང་། ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས། ཆོས་བརྒྱུད་མི་འདྲ་བ་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། དེ་ཐམས་ཅད་ཀྱི་བསླབ་བྱ་གཅིག་གྱུར་དེ་མི་བཟང་པོ་བྱེད་དགོས་པ་དང་བྱམས་བརྩེ་ལྡན་པ་དགོས་པ། གཅིག་གིས་གཅིག་ལ་ཕན་ཐོགས་དང་རོགས་པ་བྱེད་དགོས་པ་གསུངས་པ་གཅིག་གྱུར་ཆགས་ཀྱི་འདུག དེ་འདྲ་ཡིན་དུས། ལས་དོན་འདི་ང་རང་གི་ངོས་ནས་མ་ཤི་བར་དུ་བྱེད་ཀྱི་ཡིན་ལ། ཁྱེད་རང་ཚོ་ཆོས་གྲོགས་རྣམ་པ་ཚོ་ཡིན་ནའང་ཕྱོགས་དང་མཚམས་ག་བར་ཡོད་ནའང་ང་ཚོའི་དམིགས་ཡུལ་འགྲུབ་ཆེད། ད་ལྟ་བར་དུ་ཚང་མས་ཧུར་ཐག་གནང་བ་རེད་ལ། ད་དུང་ཡིན་ཡང་ཧུར་ཐག་གནང་རོགས། ཞེས་གསུངས་སོང་།

དེའི་རྗེས་བོད་མིའི་སྒྲིག་འཛུགས་དང་མགོ་ལོག་ཁང་གསར་སོགས་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་རྣམ་པས་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་རྗེས་སྤྱོད་འཇུག་ལེའུ་དང་པོའི་གསུང་ཆོས་འཕྲོ་སྐྱོང་མཛད་ཡོད་པ་རེད།

15825791_1542456235770980_3625639995837692826_n

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply