རྒྱལ་གཅེས་བ་འདས་གསོན་ཡོངས་ཀྱི་ཆེད་དུ་སྟོང་མཆོད་སྨོན་ལམ་ཞུས།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ལ་སྐོར་བ་གསུམ་བྱས་ཏེ་སྟོང་མཆོད་སྨོན་ལམ་ཞུས་སོང་།

15879563_10207887202277279_1970973276_n (1)དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ པ་ཐོག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག རྒྱ་གཞུང་གི་བཙན་གནོན་གདུག་རྩུབ་འོག་ཡོད་པའི་གཞིས་ལུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ། རྡོ་རྗེ་གདན་གྱི་མཆོད་རྟེན་ཕྱི་ནས་མགོ་བཙུགས་ཏེ། ཡུལ་ལུང་གང་ས་ནས་ཕེབས་པའི་དུས་དབང་ཆོས་ཞུ་བ་མང་པོས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདོན་ཞོར་དུ་སྐོར་བ་གསུམ་གནང་ཡོད་པ་དང་། དེ་ནས་མཆོད་རྟེན་འཁྲིས་ཀྱི་མཆོད་འབུལ་སྤང་ཐང་དུ་མཆོད་མེ་སྟོང་མཆོད་ཕུལ་བ་དང་འབྲེལ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་གཉིས་ནས་གཏམ་བཤད་གནང་ཡོད་པ་རེད།

ཚོགས་གཙོ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། དེ་རིང་གི་ལས་འགུལ་འདིའི་དམིགས་ཡུལ་ནི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། རྒྱ་གཞུང་གི་བཙན་གནོན་གདུག་རྩུབ་འོག་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་དང་། དེ་བཞིན་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམ་པའི་ཆེད་དུ་ཡིན་ལ། གནས་མཆོག་རྡོ་རྗེ་གདན་དུ་འཛོམས་པའི་དད་ལྡན་ཆོས་ཞུ་བ་རྣམ་པས་གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་སྨོན་ལམ་ཡག་པོ་རྒྱག་དགོས་པའི་འབོད་སྐུལ་བཅས་གནང་ཡོད་པ་རེད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རང་དབང་ལུང་པར་ཡོད་མཁན་ཚོས་མི་དགོས་པའི་ཕྱོགས་རིས་འཐེན་འཁྱེར་རྣམས་སྤངས་ཏེ་ཁ་ཡོད་ལག་ཡོད་ཀྱིས་བོད་ཀྱི་རྩ་དོན་ཆེད་ཤུགས་རྒྱག་གལ་ཆེ་སྐོར་བརྗོད་དོན། བོད་ཀྱི་རྩ་དོན་དང་བདེན་དོན་གྱི་ཆེད་དུ་བོད་ནང་དུ་ཡོད་པའི་བོད་མི་ཚོས་སོ་སོའི་ཚེ་སྲོག་གིས་འགྲོ་གྲོན་གཏོང་བཞིན་ཡོད་པ་དང་། བོད་ནང་དུ་རང་ལུས་མེར་བསྲེགས་ལྟ་བུ་བྱུང་སྐབས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་མཆོད་འབུལ་སྨོན་ལམ་རེ་བྱས་ནས་འགྲིག་སོང་བསམ་སྟེ་བསྡད་ཡོད་ཀྱང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བཞིན་ཡོད་པ་རེད་མ་གཏོགས་སོ་སོ་སྒེར་གྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རེ་རྒྱག་ཨེ་ཡོང་བསམ་པ་རྩ་བ་ནས་མིན་སྟབས། ང་ཚོ་ངེས་པར་དུ་ཁ་ཡོད་ལག་ཡོད་ཀྱིས་རྩ་དོན་གྱི་ངོ་བོར་ཕྱིན་ཏེ་ལས་ཀ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ང་ཚོས་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་བྱེ་བྲག་པ་ཞིག་བརྩད་དེ་གདོང་དམར་རེས་བྱེད་པ་ལས་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་ཤུགས་བརྒྱབ་ན་ཡག་པོ་ཡོད་སྐོར་བརྗོད་ཡོད་པ་རེད།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply