དཔེ་ཀློག་གི་གྲངས་ཀ་གཙོ་བོ་ཡིན་ནམ་མོས་པ་གཙོ་བོ་ཡིན།

བོད་དོན་ལས་འགུལ་བ་གཉིས་ཀྱིས་དཔེ་ཀློག་གི་རིན་ཐང་ལ་ལྟ་སྟངས་ཅུང་ཁ་ཁ་ཆགས་སོང་། གཅིག་གིས་དཔེ་ཀློག་གི་གྲངས་ཀ་གཙོ་བོ་ཡིན་པའི་སྐོར་ནས་གླེང་སོང་ལ། གཞན་དེས་གྲངས་ཀ་གཙོ་བོ་མིན་པར་སོ་སོའི་མོས་པ་དང་ཆེད་ལས་གཙོ་བོར་འཛིན་དགོས་སྐོར་བཤད་སོང་།

IMG_0191མདང་དགོང་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག བྷ་ན་ར་སི་ཧིན་རྡུའི་སློབ་ཆེན་གྱི་བོད་རིགས་མཐོ་རིམ་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྡོར་གདན་མཆོད་རྟེན་ཉེ་ཁུལ་དུ་ཡོད་པའི་རྒྱ་གར་རྒྱལ་ཡོངས་ནང་པའི་དགེ་འདུན་མཐུན་ཚོགས་ (All India Bhikkhu Sangha)ཁང་དུ། ༼དཔེ་ཀློག་གི་རིན་ཐང་།༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་སོང་བ་དང་། བོད་དོན་ལས་འགུལ་བ་བསྟན་འཛིན་རྡོ་རྗེ་ལགས་དང་ཀླུ་མཁར་བྱམས་ལགས་གཉིས་ཀྱིས་གཏམ་བཤད་གནང་སོང་། བགྲོ་གླེང་དེར་མི་ ༢༠༠ ཡས་མས་འཛོམས་འདུག

བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་དེབ་ཀློག་བྱེད་མཁན་མེད་པའི་དཀའ་ངལ་དང་དེའི་རྐྱེན་རྩ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ང་རང་གི་བསམ་ཚུལ་ལ་ད་ལྟའི་ཆར་བོད་པའི་སྤྱི་ཚོགས་དང་བོད་མི་རྣམས་ཆབ་སྲིད་ཀྱི་དཀའ་ངལ་ཤུགས་ཆེན་པོ་ཞིག་གི་ནང་དུ་ཚུད་དེ་དཀའ་ངལ་དེ་གནས་སྐབས་རིང་སེལ་རྒྱུ་ཕར་ཞོག དཀའ་ངལ་དེའི་ཐོག་དཀའ་ངལ་ཐོལ་པ་ཆགས་པ་དེ་གང་ལ་ཐུག་པ་བསམ་བློ་ཡག་པོ་བཏང་ནས་རྩད་གཅོད་བཏང་ན། གཅིག་ནས་ང་ཚོའི་སྤྱི་ཚོགས་ནང་དེབ་ཀློག་མཁན་ཉུང་དྲགས་པའི་དཀའ་ངལ་དང་། ཕྱོགས་གཞན་ཞིག་ནས་ང་ཚོར་དཔལ་འབྱོར་གྱི་དཀའ་ངལ་དང་ཆབ་སྲིད་ཀྱི་དཀའ་ངལ། བཙན་བྱོལ་གྱི་དཀའ་ངལ་སོགས་ལ་ཐུག་ཡོད་སྟབས། ང་ཚོ་སྤྱི་ཚོགས་གཞན་དང་བསྡུར་བསྡད་ན་ལན་པོ་ཡོད་པ་མ་རེད། དཔེར་ན། ཡུ་རོབ་ནང་ལྟ་བུར་ཆ་བཞག་ན། མི་མང་ཆེ་བ་ལོ་ ༢༥ ཟིན་ཡོང་སྐབས་མི་ཚེའི་ནང་དེབ་ག་ཚོད་ཀློག་འདུག་ལྟ་བ་ཡིན་ན། ཧ་ལམ་དེབ་ ༢༠༠ ནས་ ༥༠༠ བར་བཀླགས་ཡོད་པ་རེད། དེ་འདྲ་ཡིན་དུས་ཁོས་འཛམ་བུ་གླིང་ལ་ལྟ་སྟངས་དེ་དེབ་ ༥༠༠ ཡི་སྒེའུ་ཁུང་ནས་ལྟ་ཡི་ཡོད་པ་རེད། ང་ཚོ་བོད་པར་མཚོན་ན་མི་ཚེའི་ནང་དེབ་གཅིག་མ་གཏོགས་བཀླགས་མ་མྱོང་མཁན་ཞིག་ཡིན་ན། ཁང་པ་ནག་ཁུང་ཞིག་གི་ནང་དུ་བསྡད་དེ་སྒེའུ་ཁུང་གཅིག་མ་གཏོགས་མེད་པ་ལྟ་བུ་རེད། དཔེར་ན། བཙོན་པ་འདྲ་པོ་ཞིག་ཡིན་ན། བཙོན་ཁང་དུ་སྒེའུ་ཁུང་མེད་ན་བཙོན་པ་ཐབས་སྐྱོ་ཤོས་དེ་རེད། དེབ་བཅུ་བཀླགས་པ་ཡིན་ན་སོ་སོའི་ཁང་པར་སྒེའུ་ཁུང་བཅུ་བཟོས་པ་དང་། དེབ་བརྒྱ་བཀླགས་ན་སྒེའུ་ཁུང་བརྒྱ་བཟོས་པའི་དཀར་ཆ་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

ཀླུ་མཁར་བྱམས་ལགས་ཀྱིས་དཔེ་ཀློག་གི་དགོས་དམིགས་དང་དཔེ་ཀློག་བྱེད་སྟངས་སྐོར་ལ་གཏམ་བཤད་གནང་སྐབས། དཔེ་ཀློག་སྐབས་རང་ཉིད་ལ་སྟོང་ཆ་ག་རེ་ལྷག་ཡོད་པ་དང་མིའི་རིགས་གི་རིག་གནས་ཟེར་ན་འདྲ་ཕྱིའི་འཇིག་རྟེན་གྱི་གནས་ལུགས་གང་ངོས་ཟིན་གྱི་མེད་པའི་ཆ་སྐོར་གྱི་དེབ་ཀློག་དགོས་པ་རེད། དེ་མ་མིན་པར་བོད་ཀྱི་གླིང་སྒྲུང་དང་རྒྱ་ནག་གི་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར། རྒྱ་གར་གྱི་ནཱ་ཊ་ལྟ་བུ་ཡང་ནས་བསྐྱར་དུ་ཀློག་བསྡད་པ་ཡིན་ན། རང་རྒྱུད་ལ་རྣམ་དཔྱོད་དམིགས་བསལ་བ་སྐྱེ་རྒྱུ་མེད་པ་མ་ཟད། ཆུ་ཚོད་དང་མི་ཚེ་འཕྲོ་བརླག་ཡིན་སྲིད།

ཡང་དེབ་ཅིག་ཀློག་པའི་ཁ་ཐུག་ལ། ཁྱེད་རང་གིས་དེབ་ཆ་ཚང་ཞིག་ཀློག་གི་ཡིན་ནམ་སོ་སོ་ལ་དགོས་མཁོ་ཡོད་པའི་ཆ་དེ་ཀློག་གི་ཡིན། འདི་བསམ་བློ་གཏོང་སའི་གཞི་ཞིག་རེད། གལ་སྲིད་དགོས་མཁོ་ལྟར་ཀློག་གི་ཡིན་ཚེ། དེབ་གང་དེ་དུས་རབས་ནམ་ཞིག་ལ་རྩོམ་པ་པོ་སུ་ཞིག་གིས་རྒྱབ་ལྗོངས་གང་འདྲ་ཞིག་གི་འོག་བརྩམས་པ་སོགས་མ་མཐར་གླེང་བརྗོད་དང་མཇུག་བྱང་བཀླགས། དེ་ནས་དེབ་ཀྱི་ནང་དོན་ལ་བལྟ་དགོས།

དཔེ་ཀློག་ལའང་ཀློག་པ་པོའི་མོས་པ་དང་བསམ་བློའི་ཁ་ཕྱོགས་འདྲ་ཡི་མ་རེད། ང་རང་ལ་མཚོན་ན། དེབ་ཅིག་ཀློག་སྐབས་མགོ་ནས་མཇུག་བར་དུ་ཀློག་རྒྱུ་ལས་སོ་སོར་དགོས་མཁོ་ཡོད་པའི་ཆ་སྟེ། དཔེར་ན། རྒྱལ་ཁབ་ཁག་གི་གསང་པའི་ཡིག་ཆ་དང་། ཡོངས་གྲགས་མ་ཡིན་པའི་ཡིག་རྙིང་སོགས་ལ་དོ་སྣང་བྱེད་ཀྱིན་ཡོད། གཞན་བརྩམས་སྒྲུང་མ་ཀློག་ཟེར་གྱི་མེད། དེ་ཚོ་ཀློག་དགོས་རེད། བཀླགས་ན་རིག་རྩལ་ཡར་རྒྱས་འགྲོ་ངེས་རེད། གང་ལྟར། དགོས་པ་དམིགས་ཡུལ་ཞིག་ཡོད་པའི་ཐོག་ནས་དེབ་ཀློག་ན་ཕན་གྱི་རེད་ལ། དེ་ཀློག་སྐབས་ཀྱང་དེབ་ཀྱི་ནང་ལ་འཛུལ་མ་བསྡད་པར་དེབ་ནང་ནས་ལངས་ཐུབ་པ་ཞིག་དགོས། ཞེས་བརྗོད་སོང་།

ཁོས་མུ་མཐུད་དུ། དཔེ་ཀློག་སྐབས་དོ་སྣང་བྱ་དགོས་ས་ཞིག་ནི། དེབ་ཀྱི་ཁ་གྲངས་དེ་ཙམ་གལ་ཆེན་པོ་མ་རེད། དེབ་ཀློག་ནས་ཚར་འགྲོ་བ་ཞིག་ཡོད་པ་མ་རེད། མི་ཚང་མ་མ་འདྲ་བ་དང་བསམ་བློའི་རྒྱབ་ལྗོངས་མ་འདྲ་བ་རེད། དེ་བཞིན། རིག་གནས་ཀྱི་ཁྱབ་ཁོངས་མ་འདྲ་བ་གཞིར་བཟུང་དཔེ་ཀློག་བྱས་ན་སོ་སོར་བློ་སྐྱེད་ཡོང་གི་རེད་མ་གཏོགས། རྒྱ་ནག་གི་དྲིལ་བསྒྲགས་ལྟ་བུའི་དཔེ་དེབ་བརྒྱ་ཕྲག་སྟོང་ཕྲག་ག་ཚོད་ཀློག་ཀྱང་བློ་སྐྱེད་གསར་པ་གང་ཡང་ཡོང་རྒྱུ་ཡོད་མ་རེད། ང་ཚོའི་ཁྱབ་ཁོངས་ནས་བཤད་ན་ཡང་། ཆོས་ལུགས་ཆོས་བརྒྱུད་ཁ་ཤས་ཤིག་གིས་སོ་སོའི་གྲུབ་མཐའ་ལས་བརྒལ་པའི་རིགས་ཀློག་མི་ཆོག གཞན་ཁག་ཅིག་གིས་ཀྱང་ཁོང་ཚོའི་ཡིག་ཆའི་ཁྱབ་ཁོངས་ན་གང་ཡོད་པ་དེ་ལས་ཀློག་མ་བཅུགས་པ་ཡིན་ན་ཡར་རྒྱས་འགྲོ་ཡ་ཡོད་མ་རེད། ངས་ལྟ་བ་ལངས་ཕྱོགས་མ་འཛིན་ཟེར་གྱི་མེད། རིག་གནས་འཕེལ་ཆེད་དཔེ་ཀློག་ཤེས་བྱའི་ཁ་ཕྱོགས་ལ་གུ་ཡངས་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

IMG_0198

བྷ་ན་ར་སི་ཧིན་རྡུའི་སློབ་ཆེན་གྱི་བོད་རིགས་མཐོ་རིམ་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཐེངས་འདིའི་དུས་དབང་དང་སྟབས་བསྟུན་མཐོ་རིམ་སློབ་ཕྲུག་ ༨༠ ལྷག་གིས་དྭང་བླངས་ཐོག་ཁོར་ཡུག་གཙང་བཟོ་དང་སྨན་བཅོས་ཞབས་ཞུ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply