རང་སྡུག་གཞན་གནོད་བྱུང་ན་མི་ཚེ་འཕྲོ་བརླག་ཏུ་ཕྱིན་པ་རེད།

༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་སེམས་ལ་བསྒྱུར་བཅོས་བཏང་སྟེ་ག་ཚོད་ཀྱིས་ཉོན་མོངས་པ་ཤུགས་ཆུང་དུ་ཕྱིན་ན་དེ་ཚོད་ཀྱིས་བདེ་སྐྱིད་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་བཀའ་སློབ་བསྩལ་སོང་།

IMG_6297དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཙམ་གྱི་ཐོག དཔལ་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་རྡོར་གདན་དབུས་སྣེ་ལེན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། བོད་ནས་ཕེབས་པའི་གནས་སྐོར་བ་རྣམ་པའི་གཙོས་རྒྱ་རིགས་དང་སོག་པོ་སོགས་ཕྱོགས་མཐའ་གང་ས་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་ལ་བཀའ་སློབ་གསུང་བཤད་གནང་བ་དང་འབྲེལ། ཕུར་པའི་བཀའ་བགོ་གསུང་འདོན་གནང་སོང་།

༧གོང་མ་རིན་པོ་ཆེ་མཆོག་ནས་བོད་ནས་ཕེབས་པའི་གནས་སྐོར་བ་རྣམས་ལ་མཛའ་ཤིང་བརྩེ་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད་ཅེས་གསུངས་པ་དང་སྦྲགས་བླང་དོར་གྱི་བཀའ་སློབ་གནང་སྐབས། ཁ་སང་ཁེ་ཉིན་༧སྐྱབས་མགོན་རིན་པོ་ཆེས་གསུངས་པ་ནང་བཞིན་གཙོ་ཆེ་ཤོས་ང་རང་ཚོས་ཆོས་ཞུས་པ་དེ་ཉམས་ལེན་བྱེད་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཆོས་ཟེར་བ་དེ་མི་གཞན་དག་ཅིག་གིས་བྱས་ཏེ་གོ་ཆོད་པ་དང་། སོ་སོས་བྱེད་མ་དགོས་པ་དེ་འདྲ་རྩ་བ་ནས་མ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ངས་ཁྱེད་ལ་ཐར་བའི་ལམ་བསྟན་ཡིན། ཐར་པ་རང་ལ་རག་ལས་ཤེས་པར་གྱིས་ཞེས་གསུངས་ཡོད་པ་རེད། ཐར་པ་དང་ཐམས་ཅད་མཁྱེན་པ་ཟེར་བ་དེ་སོ་སོས་འབད་བརྩོན་བྱས་ཏེ་དཀའ་ལས་བརྒྱབ་ནས་འཐོབ་དགོས་པ་ཞིག་རེད་མ་གཏོགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཟེར་བ་དེ་མར་དངོས་གྲུབ་ལྟ་བུ་བྱས་ཏེ་བསྩལ་གནང་རྒྱུ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་སོ་སོ་རང་ཉིད་ཀྱིས་འབད་བརྩོན་བྱེད་དགོས་པ་རེད། ག་འདྲ་བྱེད་དགོས་པ་རེད་ཅེས་ལབ་པ་ཡིན་ན། གཙོ་ཆེ་ཤོས་དེ་རང་གི་སེམས་རྒྱུད་བཟང་པོ་བྱེད་དགོས་པ་རེད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་པ་ས་དང་ལམ་ཡང་ངན། ཐམས་ཅད་བསམ་བཟང་ལ་རག་ལས་པས་ཞེས་གསུངས་ཡོད་པ་ལྟར། ཆོས་མ་བྱས་གོང་ལ་ང་ཚོས་མི་ཡག་པོ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མི་ཡག་པོ་ག་འདྲ་བྱེད་དགོས་པ་རེད་ཟེར་ན་རང་ཡིན་ན་སྐྱིད་པ། གཞན་ལ་ཡིན་ནའང་ཕན་པ་ཞིག་དགོས་པ་རེད། དེ་ལས་ལྡོག་སྟེ་རང་ཡིན་ན་མ་སྐྱིད་པ། གཞན་ལའང་གནོད་པ་བྱུང་ན་ང་ཚོའི་མི་ཚེ་འདི་འཕྲོ་བརླག་ཏུ་ཕྱིན་པ་རེད། ཅེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་ནས་དངོས་གནས་ཀྱི་བདེ་སྐྱིད་ཐོབ་ཐབས་སྐོར་བཀའ་སློབ་གནང་དོན། ང་རང་ཚོ་ནང་པ་ཡིན་ན་རེད། ཕྱི་པ་ཡིན་ནའང་རེད། དེ་བཞིན་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ན་རེད། སྲོག་ཆགས་གྲོག་འབུ་ཚུན་ཆད་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད་བསྡད་ཡོད་སྟབས། ང་ཚོར་བདེ་སྐྱིད་ག་འདྲ་ཡོང་གི་རེད་ཟེར་ན། རྒྱུ་ཡོད་ན་བདེ་སྐྱིད་ཡོད་པ་རེད་བསམ་མཁན་ཡོད་ཀྱང་དེ་ནོར་འཁྲུལ་རེད། རྒྱུ་ཡོད་ན་ཟས་གོས་འཐུང་བ་སོགས་ལ་དཀའ་ངལ་མེད་ཀྱང་། དེ་མ་ཡིན་པའི་དཀའ་ངལ་དང་སྡུག་བསྔལ་མང་པོ་ཡོད་པ་རེད། དེ་བཞིན་དབང་ཆ་ཡོད་ན་བདེ་སྐྱོད་ཡོད་རྒྱུ་རེད་བསམ་མཁན་ཡོད་ཀྱང་དེའང་ནོར་འཁྲུལ་རེད། དབང་ཆ་ཡོད་ནའང་དེ་མ་ཡིན་པའི་དཀའ་ངལ་མང་པོ་ཡོད་པ་རེད། མདོར་ན་ཁམས་གསུམ་འཁོར་བ་ཟེར་བ་དེའི་གང་དུ་སྐྱེས་ཀྱང་ཐམས་ཅད་སྡུག་བསྔལ་གྱི་རང་བཞིནདང་སྡུག་བསྔལ་གྱི་ཡོ་ལང་རེ་རེ་ཡོད་དུས། བདེ་སྐྱིད་དངོས་གནས་དེ་ང་ཚོར་ག་འདྲ་ཡོང་གི་རེད་ཟེར་ན། སེམས་ལ་བསྒྱུར་བཅོས་བཏང་སྟེ་ཉོན་མོངས་པའི་འོག་ནས་གང་ཐར་ཐུབ་ཐུབ་ཀྱིས་ཉོན་མོངས་པའི་གཞན་དབང་དུ་མ་གྱུར་བ་ཞིག་དགོས་པ་དང་། ག་ཚོད་ཀྱིས་ཉོན་མོངས་པ་ཤུགས་ཆུང་དུ་ཕྱིན་ན་དེ་ཚོད་ཀྱིས་བདེ་སྐྱིད་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད། དེ་བྱེད་ཐུབ་དང་མ་ཐུབ་ཟེར་བ་དེ་ང་ཚོའི་སེམས་རྒྱུད་འདུལ་ཐུབ་དང་མ་ཐུབ་ལ་རག་ལས་ཡོད་པས་སེམས་རྒྱུད་འདུལ་ཐབས་དགོས་པ་དེ་དཔེ་གལ་ཆེན་པོ་རེད། ཅེས་དང་།

ད་ལྟ་ང་ཚོའི་རྒྱུད་ལ་ཡོད་པའི་སྙིང་རྗེ་ཤུགས་ཆེན་པོ་དེ་ཕན་པ་དང་བདེ་སྐྱིད་ཚང་མའི་འབྱུང་གནས་ཆགས་ཡོད་པས་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། ང་ཚོའི་རྒྱུད་ལ་ཡོད་པའི་སྙིང་རྗེ་ཡར་རྒྱས་གོང་འཕེལ་དུ་གཏོང་ཐུབ་པ་ཡིན་ན། སོ་སོའི་བདེ་སྐྱིད་ཀྱི་རྩ་བ་དེ་ནས་འཛུགས་ཐུབ་ཀྱི་ཡོད་སྟབས། མིས་མཚོན་པའི་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་སྒོམ་རྒྱུ་དེ་དཔེ་མི་སྲིད་པས་གལ་ཆེན་པོ་ཡིན་སྐོར་གྱི་བླང་དོར་བཀའ་སློབ་བསྩལ་སོང་།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply