ཐེངས་འདིའི་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྟེང་ཞལ་འདེབས་བསྡུ་སློང་བྱེད་མཁན་ཧ་ཅང་མང་པོ་འདུག་ཅིང་། དེ་དག་ནི་རྒྱ་བལ་གཉིས་ནང་གི་ཚོགས་པ་སྐྱིད་སྡུག་དང་དགོན་པ་སློབ་གྲྭ། མི་སྒེར་བ་སོགས་ཡིན་པ་དང་རོབ་རྩིས་བྱས་ན་ ༣༠༠ ཡས་མས་འདུག
ཞལ་འདེབས་བསྡུ་སློང་བྱེད་མཁན་རྣམས་གསུང་ཆོས་ར་བའི་ཉེ་འཁོར་ཁྲོམ་གཞུང་དུ་མདུན་ཅོག་བང་བསྒྲིགས་ཏེ་བསྡད་འདུག་ལ། ཁོང་ཚོས་ཕྲེད་དར་དང་ངོ་སྤྲོད་ཡིག་ཆ། པར་རས་སོགས་ཞལ་འདེབས་ཀྱི་དགོས་དམིགས་འཁོད་པ་ལྟར་ན། བལ་ཡུལ་གྱི་ཞལ་འདེབས་སློང་མཁན་མང་ཆེ་བས་བལ་ཡུལ་ས་ཡོམ་ཁྲོད་གནོད་སྐྱོན་ཐེབས་པ་བསྐྱར་གསོའི་ཆེད་དུ་ཡིན་པ་དང་། དགོན་པ་གྲྭ་ཚང་ཁག་གི་མཚན་ཐོག་ནས་ཞལ་འདེབས་སློང་མཁན་ཚོས་དགོན་པའི་ལྷ་ཁང་དང་མཆོད་རྟེན་གསར་བཞེངས་དང་། ས་གནས་སེར་སྐྱ་མི་མང་ལ་སྨན་ཁང་གསར་རྒྱག་སོགས་ཀྱི་ཆེད་ཡིན་ཚུལ་བཀོད་འདུག དེ་བཞིན་སློབ་གྲྭ་དང་ཚོགས་སྐྱིད་མང་ཆེ་བས་ཉམ་ཐག་སློབ་མར་མཐུན་སྦྱོར་དང་སློབ་ཡོན་རོགས་སྐྱོར། མྱོས་རྫས་ཆང་རག་ངན་གོམས་བཅོས་ཐབས་སོགས་ཀྱི་ཆེད་ཡིན་སྐོར་འཁོད་འདུག
གསར་འགོད་པས་ཞལ་འདེབས་སློང་མཁན་ཁག་ཅིག་ལ་ཞལ་འདེབས་ག་རེ་བྱས་ནས་སློང་གི་ཡོད་པ་དང་། ཞལ་འདེབས་བསྡུ་སློང་གི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་པ་འདྲི་སྐབས། ལྡི་ལི་ལ་ལི་ཀེ་ལའི་ཞལ་འདེབས་སློང་མཁན་པ་སངས་སྒྲོལ་མ་ལགས་ཀྱིས། ལ་ལི་ཀེ་ལའི་བོད་མིའི་ཁྲོམ་ས་ ༡༣༨ ལ་མེ་སྐྱོན་བྱུང་སྟེ་ཅ་ལག་གཅིག་ཀྱང་ལྷག་མེད་པ་དང་། ད་ལྟའི་ཆར་ཁྲོམ་ས་ ༤༠ ལྷག་བསྐྱར་གསོ་བྱུང་ཡོད་ཀྱང་ད་དུང་དཀའ་ངལ་དཔེ་ཆེན་པོ་ཡོད་པས་ཞལ་འདེབས་སློང་གི་ཡོད་པ་དང་། ཕྱོགས་མཐའ་ཁག་ནས་ཞལ་འདེབས་གནང་མཁན་མང་པོ་བྱུང་ཡོད་ཀྱང་ད་ལྟའི་ཆར་ལག་པའི་ནང་དངོས་སུ་མང་པོ་རག་མེད་སྟབས་ད་ལན་ཞལ་འདེབས་བསྡུ་ཡི་ཡོད་པ་དང་། མི་མང་ཆེ་བ་ཞིག་གིས་ས་གནས་དང་གཞུང་གི་ཞལ་འདེབས་བསྡུ་སློང་སྐབས་ཕུལ་ཚར་ཡིན་ཞེས་བརྗོད་དེ་ཞལ་འདེབས་ཞེ་དྲགས་རག་གི་མེད་སྐོར་བརྗོད་བྱུང་།
བལ་བོད་ས་མཚམས་སུ་སྒེར་གཉེར་སློབ་གྲྭ་རྒྱག་མཁན་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། ཁོང་གིས་དོལ་བོ་རུ་སློབ་གྲྭ་ཞིག་བརྒྱབ་ཡོད་པ་དང་། རླངས་འཁོར་བགྲོད་ལམ་མེད་པས་ཅ་དངོས་སྐྱེལ་འདྲེན་དང་སློབ་མ་ཚོར་སློབ་སྦྱོང་གི་ཡོ་ཆས་མཁོ་སྤྲོད་བྱེད་པར་འགྲོ་སོང་ཧ་ཅང་ཆེན་པོ་ཡིན་པས་ཞལ་འདེབས་བསྡུ་སློང་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་དུས་འཁོར་དབང་ཆེན་སྐབས་སུ་ཞལ་འདེབས་ཧིན་སྒོར་འབུམ་གཉིས་གསུམ་ཞིག་རག་སྟེ་ཕན་ཐོགས་ཞེ་དྲགས་བྱུང་ཡོད་པ་དང་། ད་ལན་ཞལ་འདེབས་སློང་སྟེ་ཉི་མ་གང་འཚམ་འགྲོ་ཚར་ཡོད་ཀྱང་ཞལ་འདེབས་དེ་ཙམ་ཡག་པོ་རག་གི་མེད་སྐོར་དང་། ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་སློབ་གྲྭ་དེ་གསར་དུ་བཙུགས་ཡོད་པ་དང་། ད་ལྟའི་ཆར་སློབ་གྲྭའི་ནང་ཕ་མ་མེད་པའི་དྭ་ཕྲུག་དང་ཉམ་ཐག་སློབ་མ་ ༤༢ ཡོད་ལ། ས་ཆ་ཁུག་ཀྱོག་དང་དཔལ་འབྱོར་གནས་སྟངས་སྐྱོ་བོ་ཡིན་སྟབས། སློབ་གྲྭ་བརྒྱབ་ནས་ལོ་ ༨ འགྲོ་བཞིན་ཡོད་ཀྱང་སྦྱིན་བདག་རག་མེད་སྐོར་སོགས་བརྗོད་བྱུང་།
བལ་ཡུལ་གྱི་དགོན་པ་ཞིག་གི་ཞལ་འདེབས་བསྡུ་སློང་བ་གྲྭ་བ་ཞིག་གིས། ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་ཧ་ཆེན་པོ་བྱུང་བ་དེས། ང་ཚོའི་དགོན་པའི་ལྷ་ཁང་དང་གྲྭ་ཤག་སོགས་ལ་ཞིག་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། འདས་པའི་ལོ་ངོ་གཉིས་མ་ཟིན་ཙམ་རིང་བསྐྱར་གསོ་ཡོང་ཐབས་སུ་ཕྱོགས་གང་སར་ཞལ་འདེབས་བསྡུ་སློང་བྱས་ཡོད་ཀྱང་ད་དུང་ཞིག་གསོ་བྱེད་པའི་སྒོར་མོ་འདང་ངེས་མེད་སྟབས། ཐེངས་འདིའི་དུས་འཁོར་དབང་ཆེན་དང་བསྟུན་ཏེ། ཞལ་འདེབས་བསྡུ་སློང་བྱེད་བཞིན་ཡོད་པ་དང་། ཉིན་རེར་ཆ་སྙོམས་བྱས་ན་ཧིན་སྒོར་ ༤༠༠༠ མ་ཟིན་རེ་ཡོང་གི་ཡོད་སྐོར་བརྗོད་བྱུང་།
ཝར་ཎཱ་མཐོ་སློབ་ཀྱི་ཞལ་འདེབས་བསྡུ་སློང་བ་བྱམས་པ་ལྷུན་འགྲུབ་ལགས་ཀྱིས། ཝར་ཎའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་དུས་འཁོར་ཆེན་ལྟ་བུའི་མི་མང་འབོར་ཆེན་འདུ་སྐབས་ཞལ་འདེབས་སློང་གི་ཡོད་པ་དང་། ཞལ་འདེབས་སློང་བའི་དམིགས་ཡུལ་དང་དཀའ་ངལ་གཙོ་བོ་གསུམ་ཡོད་པའི་དང་པོ་ནི། ཝར་ཎཱ་མཐོ་སློབ་ནང་བོད་ནང་དང་ཧི་མ་ལ་ཡའི་རི་རྒྱུད་སོགས་ས་ཆ་གང་ས་ནས་ཡོང་བའི་སློབ་ཕྲུག་ ༤༠༠ ལྷག་ཡོད་པ་དང་། ཁོང་ཚོའི་ཁྱིམ་མི་ཐག་རིང་པོར་ཡོད་དུས་གྱོན་གོས་ཉོ་བ་སོགས་ཀྱི་འགྲོ་སོང་ཐོག་དཀའ་ངལ་ཏོག་ཙམ་ཡོད་མཁན་མང་པོ་ཡོད་པ་དང་། དེ་བཞིན་ཛ་དྲག་ཆགས་པའི་སློབ་མ་ནད་པར་སྨན་བཅོས་དང་། ཚེས་བཟང་དུས་བཟང་དང་བླ་མ་བླ་ཆེན་གྱི་འདས་མཆོད་སྐབས་ཚོགས་ཚོགས་པ་སོགས་ལ་འགྲོ་སོང་གཏོང་ཆེད་དང་། ཆོས་བརྒྱུད་རིས་མེད་ཀྱི་སློབ་མ་ཚོར་ནང་ཆོས་དང་བརྡ་སྤྲོད་སྐོར་གྱི་ཕྱག་དཔེ་པར་སྐྲུན་བཅས་ཀྱི་ཆེད་དུ་ཆོས་བརྒྱུད་སོ་སོའི་རྒན་བདག་རྣམ་པས་ཞལ་འདེབས་སློང་བཞིན་ཡོད་པ་དང་། ཉིན་ཤས་སྔོན་དུ་ཉིན་རེར་ཞལ་འདེབས་ཧིན་སྒོར་ཉིས་སྟོང་སུམ་སྟོང་ཙམ་རེ་རེག་གི་ཡོད་པ་དང་། ད་ལྟ་མི་མང་དུ་ཕྱིན་ཡོད་སྟབས་ཞལ་འདེབས་ཀྱང་ཅུང་མང་དུ་ཕྱིན་ཡོད་སྐོར་བརྗོད་བྱུང་།
གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས།