ད་ལན་དུས་དབང་སྐབས་ཉུང་མཐའ་ཆོས་ཞུ་བ་ ༥ གྲོངས་ཡོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དྭང་བླངས་བ་ཁྱོན་ ༢༥༠ ཡིས་ཆོས་ཞུ་བ་རྣམས་ལ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་འདུག་ཀྱང་མི་འབོར་ཆེན་པོ་ཡིན་དུས་དྭང་བླངས་བས་སྙོབ་ཐུབ་མིན་གྱི་དཀའ་ངལ་ཡོད་འདུག
245དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག གཞོན་ནུའི་རྒྱུན་ལས་ལས་བྱེད་རྣམ་པ་དང་བོད་རིགས་མཐོ་རིམ་སློབ་མ་རྣམས་ཀྱིས་གཙོས་ཁྱོན་དྭང་བླངས་བ་ ༢༥༠ ཡིས། མེ་འཁོར་འབབ་ཚིགས་སུ་སྣེ་ལེན་དང་ནད་མནར་རྒས་གཅོང་སོགས་ལ་ཛ་དྲག་རོགས་སྐྱོབ། ས་གནས་ཁག་གཉིས་སུ་སྐད་རིགས་བརྒྱད་ཀྱི་ཐོག་ནས་གསལ་བསྒྲགས་ཁང་བཙུགས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༧ བར་དུ་ཞབས་ཞུའི་ཕྱག་ལས་རྒྱ་ཆེན་པོ་གནང་བཞིན་ཡོད་པ་ལྟར། གསར་འགོད་པས་དབུས་བོད་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སུ་ཞབས་ཞུའི་གནས་སྟངས་སྤྱི་དང་དམིགས་བསལ་དཀའ་ངལ་ཅི་བྱུང་། དེ་བཞིན་ད་ལྟའི་བར་དུ་ཆོས་ཞུ་བ་ག་ཚོད་འདས་གྲོངས་སུ་ཕྱིན་ཡོད་པ་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ་དང་འབྲེལ། དྭང་བླངས་ཞབས་ཞུ་བ་ཁག་ཅིག་ལ་ཞབས་ཞུའི་མྱོང་ཚོར་དྲིས་ཡོད།

ཐེངས་འདིའི་དུས་དབང་གོ་སྒྲིག་གནང་སྟངས་དང་ཞབས་ཞུའི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་བསྟན་འཛིན་འཇིགས་མེད་ལགས་ཀྱིས། སྤྱིར་བཏང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གོ་སྒྲིག་དངོས་གནས་ཡག་པོ་འདུག་ལ། མི་མང་གིས་ཀྱང་ཡག་པོ་འདུག་ཅེས་གསུང་གི་འདུག ང་ཚོ་ཡིན་ནའང་ཟླ་བ་ལྔ་དྲུག་ཅིག་གི་སྔོན་ནས་རྡོ་རྗེ་གདན་དུ་བསླེབས་ཏེ་སྔོན་འགྲོའི་གྲ་སྒྲིག་བྱས་པ་དང་། དེ་ནས་ཡང་ཟླ་བ་གཅིག་གི་སྔོན་ལ་འདིར་བསླེབས་སྐབས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཧུར་ཐག་འབད་ཐག་གནང་བཞིན་འདུག་པས། ཆོས་ཞུ་བ་ཚོར་གོ་སྒྲིག་གི་ཕྱོགས་ནས་དམིགས་བསལ་གྱི་དཀའ་ངལ་ཞེ་དྲགས་ཅི་མཐོང་མ་སོང་། ཁ་སང་ཁེ་ཉིན་ཆར་པ་ཏོག་ཙམ་བཏང་ཡོད་ཀྱང་གུར་ཚང་མ་ཡག་པོ་ཡོད་པ་དང་ཆུ་འགོག་ཐུབ་པ་དེ་འདྲ་ཡིན་དུས་དཀའ་ངལ་དམིགས་བསལ་གང་ཡང་འཕྲད་མི་འདུག ཡིན་ནའང་། ང་ཚོས་ལས་ཀ་བྱེད་སྐབས་དཀའ་ངལ་རེ་ཟུང་ཡོང་གི་འདུག ལྷག་པར་དུ་མེ་འཁོར་འབབ་ཚིགས་ཁག་ཏུ་ལས་ཀ་བྱེད་སྐབས་མེ་འཁོར་གཉིས་གསུམ་དེ་འདྲ་མཉམ་དུ་འབྱོར་ནས་མི་ཧ་ཅང་མང་པོ་དུས་གཅིག་ཏུ་བབ་དུས། ང་ཚོས་སྣེ་ལེན་ཞབས་ཞུར་ཏོག་ཙམ་དཀའ་ངལ་འཕྲད་ཀྱི་འདུག ཅེས་བརྗོད་བྱུང་།

15740996_1530552273624893_8981162451844622031_nསྨན་ཁང་དང་མེ་འཁོར་ས་ཚིགས་སོགས་སུ་ཞབས་ཞུ་སྣ་མང་ཞུ་ཡི་ཡོད་པའི་མཐོང་ཐོས་ལྟར་ན། ད་ལན་ཆོས་ཞུ་བ་ཚོར་དངུལ་གྱི་གནས་སྟངས་ག་འདྲ་ཡོད་པ་དང་། འདི་ནས་དངུལ་བརྗེ་ལེན་མ་ཐུབ་པའི་དཀའ་ངལ་རིགས་ཡོད་མེད་དྲིས་པར་ཁོང་གིས། དེ་སྔོན་ང་ཚོའི་བསམ་བློའི་ནང་དུ་དངུལ་གྱིས་དཀའ་ངལ་སྤྲད་ཨེ་ཡོང་བསམ་པ་ཞིག་ཡོད་པ་རེད་དེ། དེ་འདྲ་དཀའ་ངལ་ཞིག་སྤྲོད་ཀྱི་ཡོད་པ་མཐོང་གི་མི་འདུག གཅིག་ནས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་པ་གཞིར་བཟུང་གནས་སྐབས་ཀྱི་དངུལ་འདོན་འཕྲུལ་ཆས་(Temporary ATM) དང་རླངས་འཁོར་དངུལ་འདོན་འཕྲུལ་ཆས་གོ་སྒྲིག་གནང་ཡོད་པ་དང་། དངུལ་འདོན་འཕྲུལ་ཆས་ནས་དངུལ་ལེན་པའི་གྲངས་ཚད་ཀྱང་སྤར་ཡོད་པ་རེད་ལ། ང་ཚོས་ཀྱང་ཟླ་གཅིག་གི་སྔོན་ནས་ཆོས་ཞུ་བ་རྣམ་པས་སྔ་ས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་གྲོང་ཁྱེར་ཆེ་ཁག་ནས་དངུལ་བརྗེ་ལེན་བྱས་ཏེ་ཡོང་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ཞུས་ཡོད་སྟབས། ད་ལྟའི་ཆར་དངུལ་གྱི་དཀའ་ངལ་ཡོད་པ་ཞིག་ཞེ་དྲགས་མཐོང་གི་མི་འདུག ད་ལྟ་རེ་ཟུང་རེ་ཟུང་གིས་དངུལ་བརྗེ་བོ་རྒྱག་དགོས་ཞེས་ཡོང་གི་འདུག་པས་དེ་ཚོར་འདི་ནས་ལམ་སྟོན་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།

ད་ལྟའི་བར་དུ་ཆོས་ཞུ་བ་ག་ཚོད་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འཆི་རྐྱེན་ཅི་ཡིན་སྐོར་དྲིས་པར་ཁོང་གིས། ང་ཚོས་ད་ལྟ་ཧ་གོ་བ་ཁྱོན་ཆོས་ཞུ་བ་ ༥ གྲོངས་ཡོད་པ་དང་། འདས་གྲོངས་ཕྱིན་པའི་དགེ་འདུན་པ་ཞིག་གནས་མཇལ་དུ་འགྲོ་སྐབས་བརྡབ་སྐྱོན་བྱུང་སྟེ་གྲོངས་བ་མ་གཏོགས་གཞན་ཚང་མ་བགྲེས་པོ་དང་ནད་མནར་གྱིས་གྲོངས་པ་དེ་འདྲ་རེད། ང་ཚོས་ཕུང་པོ་རྣམས་སྨན་ཁང་ནས་ཚུར་བླངས་ཏེ་རྩིས་སྐོར་དང་། དགེ་འདུན་པ་གདན་དྲངས་ཏེ་བསྔོ་སྨོན་མཆོད་འབུལ་དང་ཕུང་པོ་བཞུགས་འབུལ་བཅས་ཆ་ཚང་ཞིག་བྱས་པ་ཡིན། སྤྱིར་བཏང་ནང་མི་ཚོར་བློ་ཕམ་ཆེན་པོ་ཡོད་ཀྱང་ང་ཚོས་མཐུན་རྐྱེན་དེ་འདྲ་སྦྱར་དུས་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག་ཟེར།

ད་ལྟ་སྨན་ཁང་དུ་ལྷག་པའི་ནད་པ་ཡོད་མེད་དྲིས་པར། སྤྱིར་བཏང་ད་ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་ནས་སྨན་ཁང་བཙུགས་ཡོད་པས་ཁོང་ཚོར་འབྲེལ་བ་ཡོང་གི་ཡོད་རྒྱུ་རེད། ད་ལྟའི་བར་དུ་གཞོན་ནུ་ལྷན་ཚོགས་ལ་འབྲེལ་བ་བྱས་ཏེ་སྨན་ཁང་དུ་འཁྲིད་པའི་ནད་པ་གཉིས་གསུམ་ཞིག་བྱུང་སོང་། ཡིན་ནའང་། ད་ལྟ་སྨན་ཁང་དུ་བསྡད་ཡོད་པ་གཅིག་ཀྱང་མེད། ཅེས་བརྗོད་བྱུང་།

15875028_1556724491007671_357104927543049420_oགཞོན་ནུའི་གསལ་བསྒྲགས་ཁང་བརྒྱུད་ཅ་ལག་བོར་བརླག་བྱུང་བའི་གསལ་བརྡ་འབོད་སྐུལ་ཅི་ཙམ་བྱུང་ཡོད་པ་དང་། གསལ་བསྒྲགས་བྱས་ཏེ་ཚུར་རག་པ་ཅི་ཙམ་བྱུང་ཡོད་དྲིས་པར་ཁོང་གིས། ང་ཚོའི་གསལ་བསྒྲགས་ཁང་ནས་གསལ་བསྒྲགས་བྱས་པའི་གནས་ཚུལ་ཚང་མ་ཐོ་འགོད་བྱེད་ཀྱི་ཡོད་ལ། དེ་བཞིན་བོར་གཏོར་བྱུང་བའི་ཅ་ལག་རྙེད་དེ་གསལ་བསྒྲགས་ཁང་དུ་སྐྱེལ་མཁན་རྣམས་ཀྱི་མཚན་དང་ཁ་པར་ཨང་གྲངས་བཅས་ཆ་ཚང་ཐོ་བརྒྱབ་ནས་བཞག་ཡོད། ཅ་ལག་བརླགས་པའི་རིགས་མང་ཆེ་བ་སྐྱེལ་དུ་ཡོང་གི་འདུག ཡིན་ནའང་། རྐུན་མར་ཤོར་བའི་རིགས་མང་པོ་ཞིག་ཚུར་རག་ཁག་པོ་རེད་འདུག དེར་བརྟེན་ཚང་མས་དང་པོ་ནས་གཟབ་གཟབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག

རྙེད་སོན་བྱུང་སྟེ་བསྐྱལ་ཡོང་བའི་ཅ་དངོས་ནང་ཉལ་ཆས་ཁུག་མ་དང་ཕྲེང་བ། དངུལ་ཁུག ཕྱི་སྐྱོད་ལག་འཁྱེར་དང་ངོ་སྤྲོད་ལག་འཁྱེར་སོགས་འདྲ་མི་འདྲ་མང་པོ་འདུག་ལ། ཕྱི་སྐྱོད་ལག་འཁྱེར་སོགས་ཅ་དངོས་མང་པོ་ཞིག་དོ་བདག་གི་ལག་པར་རག་ཐུབ་པ་བྱུང་སོང་། གསལ་བསྒྲགས་ཁང་ནས་རྒྱུན་དུ་ཅ་ལག་བརླགས་ཡོད་ན་གསལ་བསྒྲགས་ཁང་དུ་ཕེབས་རོགས་ཞུ་ཡི་ཡོད་པ་ལྟར། གསལ་བསྒྲགས་ཁང་དུ་བོར་བའི་ཅ་ལག་འབྱོར་ཡོད་མེད་བལྟ་རུ་ཡོང་རྒྱུ་གལ་ཆེན་པོ་རེད། འདིར་འབྱོར་བའི་ཅ་ལག་མང་པོ་ཞིག་ལ་བདག་པོ་མེད་པ་འདྲ་པོ་ཆགས་འདུག་པར་བརྟེན། ང་ཚོས་གསལ་བསྒྲགས་ཁང་བརྒྱུད་དེ་གསལ་བསྒྲགས་ཤུགས་ཆེན་པོ་བྱེད་བཞིན་ཡོད་ལ། དེ་བཞིན་སྤྱི་ཚོགས་དྲ་ལམ་བརྒྱུད་ཅ་དངོས་རྣམས་ལ་པར་བརྒྱབ་སྟེ་བཀྲམ་བཞིན་ཡོད་པ་མ་ཟད། སྤྱིར་བཏང་ཚེས་ ༡༤ ནས་དུས་དབང་རྫོགས་འགྲོ་ཡི་ཡོད་ཀྱང་ཅ་དངོས་བརླགས་པ་རྣམས་དོ་བདག་གི་ལག་པར་རག་ཆེད་དང་། ཆོས་ཞུ་བ་རྣམས་གནས་སྐོར་དུ་འགྲོ་བ་དང་ཕྱིར་ལོག་པར་རོགས་པ་དགོས་པ་མང་པོ་ཞིག་ཡོད་དུས། ཕྱི་ཚེས་ ༡༧ བར་དུ་ང་ཚོ་འདིར་བསྡད་ནས་མུ་མཐུད་ཞབས་ཞུ་ཞུ་རྒྱུ་ཡོད། ཞེས་བརྗོད་བྱུང་།

12དེང་སང་སྤྱི་ཚོགས་དྲ་ལམ་ཤུགས་ཆེན་པོ་དར་ཡོད་དུས་ཕྱི་ལོ་ ༢༠༡༢ ལོའི་དུས་དབང་ཞབས་ཞུ་དང་བསྡུར་ན། ད་ལན་སྤྱི་ཚོགས་ཞབས་ཞུའི་ཐད་ཁྱད་པར་ཅི་བྱུང་སྐོར་དྲིས་པར། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དུས་འཁོར་དབང་ཆེན་རིམ་པར་སྤྱི་ཚོགས་ཞབས་ཞུ་ཞུས་ཡོད་པ་དང་། ད་ལྟའི་དུས་ཚོད་ལ་སྤྱི་ཚོགས་དྲ་ལམ་སོགས་ཤུགས་ཆེན་པོ་དར་ཡོད་དུས། ང་ཚོས་ལས་ཀ་ག་རེ་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་ག་རེ་བྱུང་གི་ཡོད་པ་སོགས་ལམ་སང་མི་མང་གིས་ཤེས་རྟོགས་ཐུབ་ཀྱི་འདུག་ལ། ང་ཚོའི་སྤྱི་ཚོགས་ཞབས་ཞུ་ཡིས་གཞོན་སྐྱེས་མང་པོ་ཞིག་ལ་མ་འོངས་པར་ཁོ་རང་ཚོའི་ངོས་ནས་ཀྱང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ནང་མཉམ་ཞུགས་བྱེད་དགོས་བསམ་པའི་སེམས་ཤུགས་སྤར་ཐུབ་ཀྱི་འདུག་པས། གཞོན་སྐྱེས་ཚོར་དམིགས་དཔེ་ལྟ་ས་ཡག་པོ་ཞིག་ཆགས་འདུག་བསམ་གྱི་ཡོད། གཞོན་སྐྱེས་ཚོར་སེམས་ཤུགས་འཕར་བ་ཡིན་ན་རང་བཞིན་གྱིས་ང་ཚོའི་སྤྱི་ཚོགས་ལ་ཐུགས་ཕན་གསོ་བ་དང་གཅིག་སྒྲིལ་ལ་ཐུགས་ཕན་གསོ་ཐུབ་པ་མ་ཟད། རྒྱ་ཆེ་ས་ནས་ང་ཚོའི་འཐབ་རྩོད་ལ་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག་པས་ཕྱོགས་མང་པོ་ཞིག་ནས་ཕན་ཐོགས་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག་ཅེས་ཟེར།

དུས་དབང་སྐབས་ཞབས་ཞུའི་རྣམ་གྲངས་མང་པོ་གོ་སྒྲིག་ཞུས་པའི་ཉམས་མྱོང་བརྒྱུད། མ་འོངས་པར་དུས་དབང་སོགས་མི་མང་འདུ་འཛོམས་ཆེན་མོའི་སྐབས་གཞོན་ནུ་ལྷན་ཚོགས་ནས་དམིགས་བསལ་གྱིས་དོ་འཁུར་དགོས་པ་ག་རེ་ག་རེ་གཟིགས་ཡོད་དྲིས་པར་ཁོང་གིས། འདས་པའི་ལོ་མང་པོ་ཞིག་གི་རིང་ལ་ང་ཚོས་ཉམས་མྱོང་བསགས་པར་བརྟེན་ད་ལོར་གང་ལ་གང་འཚམ་ཚགས་ཚུད་པོ་བྱུང་ཡོད་པ་རེད་དེ། ད་དུང་ཡིན་ནའང་ཚགས་ཚུད་དུ་གཏོང་དགོས་པ་ཞིག་མཐོང་གི་འདུག ལྷག་པར་དུ་ད་ལན་མི་འབུམ་ ༢ འཛོམས་ཡོད་དུས། དྭང་བླངས་བ་ ༢༥༠ ཞིག་གིས་ཅི་ཙམ་སྙོབ་ཐུབ་མིན་དེ་གཅིག་རེད། མ་འོངས་པར་ང་ཚོས་དྭང་བླངས་བ་མང་དུ་གཏོང་དགོས་པ་ཞིག་མཐོང་གི་འདུག དེ་ནས་གཙོ་བོ་ང་ཚོས་གོ་སྒྲིག་ཚོགས་ཆུང་མཉམ་དུ་འབྲེལ་ལམ་ཡག་པོ་ཉར་དགོས་པ་དེ་གལ་ཆེན་པོ་རེད་འདུག་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

thumb_IMG_6460_1024གཞོན་ལྷན་ཛ་དྲག་རོགས་སྐྱོབ་སྡེ་ཚན་གྱི་ཞབས་ཞུ་བ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། ང་ད་ལོ་མཐོ་སློབ་ཀྱི་ལོ་མཐའ་མ་དེ་ཡིན་ལ། སྤྱི་ཚོགས་ཞབས་ཞུའི་ཉམས་མྱོང་བསགས་པ་ཐོག་མ་དེ་ཡིན། ངའི་དམིགས་ཡུལ་དང་ཤོས་སྨན་ཞབས་པ་ཞིག་བྱ་རྒྱུ་དེ་ཡིན་པས། ད་ལན་གཞོན་ནུའི་ཛ་དྲག་རོགས་སྐྱོབ་ཚན་པའི་ནང་ནད་པ་དང་རྒན་འཁོགས་རྣམ་པར་ཞབས་ཞུ་ཞུ་བའི་གོ་སྐབས་བྱུང་སྟེ། ང་རང་གི་དམིགས་ཡུལ་ཏག་ཏག་བསྒྲུབས་ཐུབ་སོང་ལ་ཉམས་མྱོང་དཔེ་མང་པོ་རག་སོང་། རྒན་འཁོགས་དང་ནད་པ་རྣམས་ལ་རོགས་པ་བྱེད་སྐབས་སེམས་པ་སྐྱོ་བའང་མང་པོ་བྱུང་། འདི་འདྲ་དཀའ་ལས་བརྒྱབ་སྟེ་ཐག་རིང་པོ་ནས་༧གོང་ས་མཆོག་གི་གསུང་ཆོས་ཞུ་བ་དང་གནས་སྐོར་དུ་འདིར་ཕེབས་ཡོད་ཀྱང་། འདི་ནས་ནད་པ་ཆགས་པ་དང་གྲོངས་བའི་གནས་ཚུལ་བྱུང་དུས་སེམས་པ་དཔེ་མི་སྲིད་པས་སྐྱོ་ཡི་འདུག ད་ལྟ་བར་དུ་མི་ ༥ གྲོངས་ཡོད་པ་དང་། ང་ཚོ་ཛ་དྲག་རོགས་སྐྱོབ་ཁང་གི་རྒྱབ་ལོགས་སུ་ཕུང་པོ་འཇོག་ས་ཞིག་ཡོད། ཉིན་ལྟར་འདི་ལ་ཕུང་པོ་ཞིག་མེད་ན་བསམ་ནས་སྨོན་ལམ་རྒྱག་གི་ཡོད། སྤྱིར་བཏང་ཞབས་ཞུ་ཞུ་སྐབས་དཀའ་ལས་ཁག་གི་འདུག་སྟེ་ལས་ཀ་རྣམས་ཏག་ཏག་བྱེད་ཐུབ་ཀྱི་འདུག་པས་སེམས་པ་དཔེ་སྐྱིད་པོ་འདུག དཀའ་ལས་བརྒྱབ་པ་ཡིན་ནའང་ཆུད་ཟོས་སུ་ཁྱོན་ནས་འགྲོ་ཡི་མི་འདུག དགོང་མོ་ཕྱི་བོར་ནང་དུ་ལོག་སྐབས་དེ་རིང་ལས་ཀ་འདི་བྱེད་ཐུབ་སོང་བསམ་ནས་སེམས་པ་ལྷོད་ལྷོད་དང་སྐྱིད་པོ་བྱས་ནས་ཉལ་རྒྱུ་འདུག ཅེས་བརྗོད་བྱུང་།

མཐོ་སློབ་འདྲ་མིན་དང་ཕྱོགས་མཐའ་མང་པོ་ནས་ཡོང་བའི་དྭང་བླངས་བ་ ༢༥༠ ཞིག་གིས་མཉམ་དུ་ཕྱག་ལས་གནང་སྐབས་སེམས་ཚོར་ག་འདྲ་བྱུང་དྲིས་པར་མོས། དང་ཐོག་མཐོ་སློབ་འདྲ་མི་འདྲ་ནས་སློབ་མ་བསླེབས་ཀྱི་ཡོད་པ་དང་། ཚང་མར་སྤྱི་ཚོགས་ཞབས་ཞུ་དང་པོ་འདྲ་ཆགས་ཡོད་དུས། བྱེད་ཐུབ་ཀྱི་ཨེ་ཡོད་བསམ་ནས་སེམས་འཁྲལ་འདྲ་པོ་བྱུང་སོང་། ཡིན་ནའང་། ལས་ཀ་དངོས་སུ་བྱེད་སྐབས་ལས་ཀ་ག་རེ་ཡིན་ནའང་ང་འགྲོ་དགོས། ངས་བྱེད་དགོས། ངས་བྱེད་ཐུབ་ཅེས་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་སེམས་ཤུགས་གཅིག་ལས་གཅིག་ཆེ་བ་དང་གཅིག་ལས་གཅིག་གྲུང་བ་རྐྱང་རྐྱང་རེད་འདུག་པས་དཔེ་ཡག་པོ་འདུག་ཅེས་ཟེར།

Dawa sangmoམེ་འཁོར་འབབ་ཚིགས་ཀྱི་ཞབས་ཞུ་བ་ཟླ་བ་ཆོས་འཛོམས་ལགས་ཀྱིས། བོད་ནས་ཕེབས་པ་དང་ཧི་མ་ལ་ཡའི་ཕྱོགས་ནས་ཕེབས་མཁན་ཚོས་ཅ་ལག་དཔེ་མང་པོ་འཁུར་ཡོང་འདུག་ལ། ཁོང་ཚོ་མེ་འཁོར་འབབ་ཚིགས་སུ་འབྱོར་སྐབས་ང་ཚོ་དྭང་བླངས་བ་རྣམས་ཐད་ཀར་སོང་སྟེ་ཅ་ལག་རྣམས་འཁུར་རོགས་བྱེད་དུས། ཁ་ཤས་ཀྱིས་རླུང་སྟོན་གྱི་འདུག གང་ཡིན་ཟེར་ན། དེང་སང་རྐུན་མ་མང་པོ་ཡོད་དུས་རྐུན་མ་འདྲ་མིན་འགྲོ་བསམ་པ་ཡིན་ས་རེད། དེ་ནས་ང་ཚོ་དྭང་བླངས་ཞབས་ཞུ་བ་ཡིན་པ་ཧ་གོ་བ་དང་། ང་ཚོས་རོགས་པ་བྱེད་དུས་དཔེ་དགའ་ནས་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཞེས་ལབ་ཀྱི་འདུག་ལ། དཀའ་ངལ་འཕྲད་བསྡད་ཡོད་པའི་མི་ལ་རོགས་པ་བྱེད་ཐུབ་སོང་བསམ་དུས་སོ་སོ་ཡིན་ནའང་དཔེ་དགའ་ཡི་འདུག ཁོང་ཚོས་ཅ་ལག་རྣམས་དཔེ་ལྗིད་ཁོག་ཆེན་པོ་དེ་འདྲ་འཁུར་འདུག་སྟབས། ང་བུ་མོ་ཡིན་དུས་ཡར་བཀྱག་མ་ཐུབ་པའི་དཀའ་ངལ་འདུག་སྟེ། ཁོང་ཚོ་དཀའ་ངལ་འཕྲད་བསྡད་ཡོད་དུས་ཧུར་ཐག་བྱས་པ་ཡིན། ཅེས་ཟེར།

རོགས་པ་དྭང་བླངས་བ་རྣམ་པས་ཞབས་ཞུ་ཞུ་སྟངས་ལ་སེམས་ཚོར་ག་རེ་བྱུང་བའི་སྐོར་ལ་མོས། ད་ལན་དྭང་བླངས་བ་ལོ་ཆེན་པོ་དང་ཆུང་ཆུང་སུ་ཡིན་ནའང་ཚང་མ་བྲེལ་བ་ཆེན་པོ་དང་། ལས་ཀ་ཞིག་བསླེབས་དུས་ཚང་མ་དགའ་དགའ་སྤྲོ་སྤྲོ་ཡི་ཐོག་ནས་ལས་ཀ་དཔེ་ཡག་པོ་བྱེད་ཀྱི་འདུག དངོས་གནས་ཧང་སང་བ་ཡག་པོ་འདུག ནམ་རྒྱུན་ཉོབ་ཐོ་འདྲ་པོ་ཡོད་པ་ཚོའང་རོགས་པ་བྱེད་དུ་འགྲོ་སྐབས་དཔེ་ལས་ཀ་ཡག་པོ་བྱེད་ཀྱི་འདུག ཅེས་བརྗོད་བྱུང་།

kunchuk rangdulསྣེ་ལེན་ཁང་དུ་སྨན་བཅོས་སྐད་སྒྱུར་ཞབས་ཞུ་བ་དཀོན་མཆོག་རང་གྲོལ་ལགས་ཀྱིས། ང་བོད་ནས་ཡོང་བ་ཞིག་ཡིན་ལ་སྤྱི་ཚོགས་ཞབས་ཞུའི་ཐད་ཉམས་མྱོང་མེད་སྟབས་ག་དུས་ཡིན་ནའང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག ཡིན་ནའང་། ད་ལན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་ཚོགས་ཞབས་ཞུ་དང་མི་ལ་འབྲེལ་ལམ་འཛིན་སྟངས་ཐད་ཉམས་མྱོང་ཆེན་པོ་བསགས་སོང་། དམིགས་བསལ་གྱིས་བོད་ནས་ཡོང་མཁན་ཚོས་སྐད་མི་ཤེས་བ་སོགས་དཀའ་ངལ་མང་པོ་ཡོད་དུས། ང་ཚོས་རོགས་པ་བྱེད་སྐབས་ཧ་ཅང་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག་པས་སོ་སོ་ཡིན་ནའང་སེམས་ནང་བདེ་བ་དང་དགའ་ཚོར་ཆེན་པོ་འདུག ཅེས་བརྗོད་བྱུང་།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply