རྒྱ་ནག་གི་ལག་རྩལ་འཕེལ་རྒྱས་ཁྲོད་སྣུམ་སྨྱུག་བཟོ་ཐུབ་མེད།

རྒྱ་ནག་གི་ཐའེ་ཡན་(Taiyuan)བཟོ་ལས་ཁང་ཞིག་གིས་མི་འགྱང་བར་རྒྱ་ནག་རང་ནས་སྣུམ་སྨྱུག་བཟོ་ཐུབ་རྒྱུར་ཐག་ཉེ་བོ་ཡོད་ཚུལ་བརྗོད་ཡོད་པ་རེད།

རྒྱ་ནག་གིས་མེ་ཤུགས་འཕུར་མདའ་མཁའ་དབྱངས་སུ་བཏང་ཡོད་པ་དང་། མེ་མཁོར་མགྱོགས་ཤོས་བཟོ་སྐྲུན་བྱས་ཤིང་། འཛམ་གླིང་གི་ལག་འཁྱེར་ཁ་པར་ས་ཡ་མང་པོ་རྒྱ་ནག་ནས་ཐོན་སྐྱེད་བྱེད་བཞིན་ཡོད་ཀྱང་། ད་ལྟའི་བར་དུ་རྒྱ་ནག་གིས་ཐོན་སྐྱེད་གནད་དོན་ཆུང་ཆུང་ཞིག་ལ་མི་འདོད་བཞིན་དུ་གཡོལ་དགོས་བྱུང་ཡོད་པ་རེད། དེ་ནི་སྣུམ་སྨྱུག་དེ་ད་བར་རྒྱ་ནག་རང་ནས་བཟོ་ཐུབ་ཡོད་པ་མ་རེད།

རྒྱ་ནག་གིས་སྣུམ་སྨྱུག་བཟོ་མ་ཐུབ་པའི་གནད་དོན་དེ་སྨྱུ་གུའི་ཕྱི་ཤུན་སོགས་མ་ཡིན་པར་སྨྱུ་གུའི་རྩེ་མོའི་སྨྱུག་ཆུ་རྒྱུག་སའི་ལྕགས་རིལ་ཆུང་ཆུང་དེ་བཟོ་ཐུབ་མེད་པ་དང་། སྨྱུ་གུ་དེ་བཟོ་བར་ངེས་པར་དུ་ལག་རྩལ་དང་ངར་ལྕགས་ཚད་ལྡན་ལས་གྲུབ་པའི་འཕྲུལ་ཆས་སོགས་དགོས་ཀྱི་ཡོད། རྒྱ་ནག་གི་ལྕགས་རིགས་ཀྱི་སྤུས་ཚད་དེ་ཙམ་ཡག་པོ་མེད་སྟབས། དེ་སྔ་སྨྱུ་གུའི་ལྕགས་རིལ་དེ་བཟོ་བར་འབད་བརྩོན་མང་པོ་བྱས་ཀྱང་ལེགས་འགྲུབ་བྱུང་མེད། སྣུམ་སྨྱུག་རྩེ་མོའི་ལྕགས་རིལ་དེ་བཟོ་བར་ངར་ལྕགས་ཧ་ཅང་སྤུས་ཚད་ལྡན་པ་དང་རྡུང་སླ་བའི་རིགས་དགོས་ཀྱི་ཡོད།

རྒྱ་ནག་གི་སྨྱུ་གུ་བཟོ་སྐྲུན་པ་སྟོང་ཕྲག་གསུམ་ ༣༠༠༠ ལྷག་གིས་ལོ་ལྟར། རྒྱ་སྒོར་ས་ཡ་ ༡༢༠(120m yuan ($17.3m; £14.3m)ལྷག་བཏང་སྟེ། ཕྱིའི་རྒྱལ་ཁབ་ཁག་ནས་སྨྱ་གུ་དེ་བཟོ་བའི་རྒྱུ་ཆ་ནང་འདྲེན་བྱེད་ཀྱིན་ཡོད།

རྒྱ་ནག་ཉིན་རེའི་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ངོ་ལྔ་ལྷག་ལ་སྨྱུ་གུ་དེ་བཟོ་སྐྲུན་ཐད་ཞིབ་མཇུག་བྱས་ཏེ། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཐའེ་ཡན་(Taiyuan)གྱི་བཟོ་གྲྭའི་ལྕགས་རིགས་གཉིས་མཉམ་བསྲེས་བྱས་ཏེ་དཀའ་ངལ་དེ་སེལ་ཐུབ་པར་རེ་བ་ཡོད་ཚུལ་བརྗོད་འདུག

རིང་ཚད་རྨིད་ ༢.༣ ཅན་གྱི་སྣུམ་སྨྱུག་གི་རྒྱུ་ཆ་དེ་དག་ཉེ་སྔོན་རང་ལ་ཐོག་དང་པོར་འཛོམས་ཡོད་པ་དང་། རྟག་དཔྱད་ཆ་ཚང་ལེགས་འགྲུབ་བྱུང་བ་ཡིན་ན། ལོ་གཉིས་ནང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ནས་སྣུམ་སྨྱུག་རྒྱུ་ཆ་ནང་འདྲེན་བྱ་མི་དགོས་པ་ཆགས་ཀྱི་རེད་ཅེས་བརྗོད་འདུག

ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་སྨྱུ་གུ་ཞིག་བཟོ་ཐུབ་མིན་དེ་གནད་དོན་མིན་ན་ཡང་། རྒྱ་ནག་གཞུང་གིས་ཚད་མཐོའི་ལག་རྩལ་དང་ཐོན་སྐྱེད་སྤུས་ཀ་ལེགས་བཅོས་བྱས་ཏེ་ ༢༠༢༥ ལོའི་བར་གྱི་རྒྱ་ནག་གི་ཐོན་སྐྱེད་ལས་འཆར་ཟེར་བ་ཞིག་བསྒྲགས་བཞིན་ཡོད་པ་དང་། འཛམ་གླིང་གི་རྣོ་ལྕགས་དང་ངར་ལྕགས་ཀྱི་གཏེར་ཁའི་རྒྱ་ཆའི་ཕྱེད་རྒྱ་ནག་ནས་འདོན་བཞིན་ཡོད་ཀྱང་། རྒྱ་ནག་གིས་ད་དུང་ཕྱིའི་རྒྱལ་ཁབ་ཁག་ནས་ལྕགས་རིགས་ནང་འདྲེན་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། དེར་བརྟེན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་གི་བཟོ་ལས་ཁང་དག་གིས་ནུས་རྩལ་ཡར་རྒྱས་གཏོང་དགོས་སྐོར་བརྗོད་ཡོད་པ་རེད།

ཧོང་གོང་གི་བཟོ་ལས་དང་འཕྲུལ་ལས་བཟོ་སྐྲུན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཇོར་ཇི་ཧོང་(George Huang,)ལགས་ཀྱིས་ “རྒྱ་ནག་ལ་ལོ་རྒྱུས་ནང་དུ་བཟོ་ལས་འཆར་འགོད་པ་ཡག་པོ་ཞིག་གཏན་ནས་བྱུང་ཐུབ་མེད། ད་བར་སྣུམ་སྨྱུག་བཟོ་མ་ཐུབ་པ་དེ་དཔེ་མཚོན་གསལ་བོ་ཞིག་རེད།”ཅེས་བརྗོད་འདུག

ཁོང་གིས་ད་དུང་ “དེ་ནི་ཆ་ཤས་ཆུང་ཆུང་ཞིག་ཡིན་ན་ཡང་། གནད་དོན་དེ་ལས་སླ་བོར་སེལ་ཐུབ་པ་ཞིག་ཀྱང་མ་རེད།” ཅེས་བརྗོད། ཁོས་ད་དུང་རྒྱ་ནག་གིས་མེ་ཤུགས་འཕུར་མདའ་དང་མཁའ་དམག་གི་འཕུར་གྲུ་སོགས་སྲུང་སྐྱོབ་ལས་དོན་རིགས་གཙོ་གནད་དུ་བཟུང་ཡོད་ལས་གཞན་དག་གལ་གནད་དུ་གཙི་ཡི་མེད། མཐའ་ན་ལག་ཁྱེར་ཁ་པར་དང་གློག་ཀླད་མ་ལག་གི་གཙོ་གནད་དག་ཀྱང་ནམ་རྒྱུན་ཉི་ཧོང་དང་ཐེ་ཝན་སོགས་ནས་ནང་འདྲེན་བྱེད་ཀྱིན་ཡོད་པ་རེད།

ཁོང་གིས་རྒྱ་ནག་གི་རིག་གཞུང་དེ་ཉི་ཧོང་དང་འཇར་མན་གྱི་རིག་གཞུང་དང་མི་འདྲ་བར་བཟོ་སྐྲུན་ལས་རིག་ཐད་ལ་ཡག་པོ་ཞིག་འདང་གི་མེད། དཔེར་ན། ང་ཚོ་རྒྱ་མི་ཞིག་བཟོ་སྐྲུན་པ་ཞིག་ཆགས་ཀྱང་སྙིང་སྟོབས་ཀྱིས་ད་དུང་འདང་གི་ཡོད་པ་མ་རེད། ཅེས་སོགས་བརྗོད་འདུག

ལོ་སྔོན་མར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་རྒྱལ་ཡོངས་བརྙན་འཕྲིན་ཁང་བརྒྱུད་ནས་རྒྱ་ནག་གི་བཟོ་ལས་ཐོན་བསྐྱེད་སྤུས་ཚད་དང་ནུས་རྩལ་གྱིས་ཡོང་གི་མེད་པར་སྡུག་དམོད་བྱས་ཡོད་པ་རེད།

_93336838_gettyimages-618711982

 

གསར་འགོད་པ། བྷི་བྷི་སི་ཤེ་ཤ་ཡའི་ཚོང་ལས་གསར་འགོད་པ་སེ་མོན་ཨེ་ཊིན་སོན་(Simon Atkinson)ལགས།

སངས་རྒྱས་དཀོན་མཆོག་གིས་བོད་བསྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply