པེ་ཅིན་གྱིས་སོག་ཡུལ་ལ་ཉེན་བརྡ་བཏང་།

རྒྱ་ནག་གཞུང་གི་གནོན་ཤུགས་འོག་སོག་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་དོན་དེ་རྒྱ་ནག་ནང་སྲིད་ཀྱི་དོན་དག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཚུལ་བཤད་འདུག

bilateral_china3

ཁ་སང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ (Wang Yi) ཡིས་སོག་ཡུལ་གྱི་ཕྱི་སྲིད་བློན་ཆེན་མུན་ཀ་ཨོར་གྷེལ་ (Tsend Munkh-Orgil) ལགས་སུ་ཁ་པར་བཏང་སྟེ། ཏཱ་ལའི་བླ་མ་གསང་བའི་སྒོ་ནས་སོག་ཡུལ་དུ་ཕེབས་བཅུག་པ་དེས་སོག་ཡུལ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ཡོད་སྟབས། སོག་ཡུལ་ཕྱོགས་ནས་གནད་དོན་དེར་ངེས་ཤེས་བྱེད་པའི་རེ་བ་ཡོད་ལ། སོག་ཡུལ་གྱིས་དེ་སྔར་ཁས་ལེན་ཁག་ཐག་བྱས་པ་གཞིར་བཟུང་གིས། མ་འོངས་པར་ཏཱ་ལའི་བླ་མ་ཡང་བསྐྱར་སོག་ཡུལ་དུ་ཕེབས་བསུ་མི་བྱེད་པའི་རེ་བ་ཡོད། ཅེས་བརྗོད་འདུག

སོག་ཡུལ་གྱི་ཕྱི་སྲིད་བློན་ཆེན་མུན་ཀ་ཨོར་གྷེལ་གྱིས་ཝང་ཡེ་ལ་བཤད་རྒྱུར། སོག་ཡུལ་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་ལ། མུ་མཐུད་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་སྲིད་ཀྱི་དོན་དག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བཤད་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གི་རང་དབང་ལ་རྡོག་རྫས་གཏོང་བཞིན་ཡོད་ནའང་། པེ་ཅིན་གཞུང་གིས་གནད་དོན་དེ་ངོས་ལེན་མི་བྱེད་པར། རྒྱ་ནག་གིས་ཞིང་བྲན་ལམ་ལུགས་མཇུག་བསྡུས་ཏེ། བོད་རྗེས་ལུས་སྤྱི་ཚོགས་ནས་ཡར་རྒྱས་གོང་འཕེལ་གཏོང་བཞིན་ཡོད་ལུགས་དྲིལ་བསྒྲགས་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

ཉེ་ལམ་སོག་ཡུལ་གཞུང་གིས། ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་པ་དེ་སོག་ཡུལ་གཞུང་དང་འབྲེལ་བ་གང་ཡང་མེད་པར་སོག་ཡུལ་དད་ལྡན་མི་མང་གིས་གདན་ཞུ་ཞུས་པ་གཞིར་བཟུང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད་སྐོར་གསལ་བཤད་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply