བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཀྱི་དམིགས་ཡུལ་ནི། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་ཆབ་སྲིད་ཐེ་བའི་སྤྱི་ཚོགས་ཀྱི་བྱ་བཞག་ཚང་མའི་ཐོག་བུད་མེད་ཀྱི་ནུས་པ་དང་འགན་འཁུར་མཉམ་སྤུངས་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་༩།༣༠ སྟེང་། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་རྣམ་གཉིས་ཀྱིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་གཏན་འབེབས་གནང་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་སོང་།
དེ་རིང་གསལ་བསྒྲགས་གནང་བའི་སྲིད་བྱུས་དེའི་ངོ་སྤྲོད་ནང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས༌ ༡༢ ཉིན་བོད་པའི་བུད་མེད་ཀྱིས་མགོ་འཁྲིད་དེ་རང་སྲོག་བློས་གཏོང་གིས་རྒྱ་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་གྱེན་ལངས་བྱས་ཏེ་བྱས་རྗེས་ཆེན་པོ་བཞག་ཡོད་སྐོར་དང་། ༸གོང་ས་མཆོག་གིས་བུད་མེད་རྣམས་རང་བཞིན་གྱིས་བྱམས་སེམས་དང་སྙིང་རྗེ་ཆེ་བ་དང་། ཕྲུ་གུ་གསོ་སྐྱོང་བྱེད་པའི་ནུས་སྟོབས་ཁྱད་པར་ཅན་ལྡན་པ། སྤྱི་ཚོགས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལམ་དུ་འཁྲིད་པར་བུད་མེད་རྣམས་ཀྱིས་ལས་རིགས་ཚང་མའི་ཐོག་འགན་ཁུར་མཉམ་ལེན་བྱེད་དགོས་པའི་བཀའ་སློབ་བསྩལ་ཡོད་པ། ད་དུང་༧གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པའི་དགེ་བཤེས་མའི་མཚན་རྟགས་ཕྱག་འཁྱེར་སྤྲོད་པའི་ལམ་སྲོལ་གསར་གཏོད་མཛད་པ། ཁོང་གིས་དམངས་གཙོ་གསོལ་རས་སུ་བསྩལ་བ་ལྟར་ ༡༩༦༤ ལོ་ནས་བུད་མེད་སྤྱི་འཐུས་གཅིག་གི་ཞབས་སྟེགས་ཟུར་བཅད་དང་། ༡༩༩༡ ལོ་ནས་ཆོལ་ཁ་རེར་བུད་མེད་སྤྱི་འཐུས་ ༢ རེ་གཏམ་འབེབས་གནང་ཡོད་སྐོར་སོགས་བཀོད་འདུག
དེ་བཞིན། བཀའ་ཤག་སྐབས་ ༡༤ པའི་ས་གནས་ཁག་གི་གཞིས་མགོ་བརྒྱ་ཆ་ ༣༣ བུད་མེད་གོ་སྒྲིག་ཞུ་རྒྱུའི་སྒྲིག་གཞི་བཟོས་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་ལས་བྱེད་བརྒྱ་ཆ་ ༤༥ ཡིན་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བརྒྱ་ཆ་ ༤༨ དང་། དྲིལ་བསྒྲགས་ལས་ཁུངས་ཀྱི་ལས་བྱེད་བརྒྱ་ཆ་ ༦༠ ཙམ་བུད་མེད་ཡིན་སྐོར། དེ་བཞིན། དེ་ལམ་གསར་དུ་བསྡུས་པའི་ལས་བྱེད་བརྒྱ་ཆ་ ༥༠ བུད་མེད་ཡིན་པ། ཤེས་ཡོན་སྲིད་བྱུས་ནང་སྔོན་འགྲོའི་དགེ་རྒན་དང་དགེ་རྒན་ལས་རོགས་རྣམས་བུད་མེད་བསྐོ་བཞག་གཙོ་འདོན་བྱ་དགོས་པ་དང་། སྔོན་འགྲོའི་དགེ་རྒན་རྣམས་ལ་ཕོགས་དང་མཐུན་རྐྱེན་གཞི་རིམ་གོང་མའི་དགེ་རྒན་དང་གཅིག་མཚུངས་སྤྲོད་དགོས་པ་འཁོད་ཡོད་པ་ལྟར་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་བཀོད་འདུག
གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་མཆོག་གིས། དེ་སྔའི་བཀའ་ཤག་སྐབས་ ༡༤ པས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་ ༢༠༠༨ ལོར་གཏན་འབེབས་གནང་བའི་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་བྱས་ཡོད་སྐོར་དང་། ཐེངས་འདིར་གསལ་བསྒྲགས་གནང་བའི་སྲིད་བྱུས་དེ་གངས་སྐྱིད་ལས་ཁུངས་ཁག་གི་དྲུང་འཕར་མང་ཆེ་བ་དང་། བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ལས་བྱེད། དེ་བཞིན། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སོགས་ཀྱིས་ཟིན་བྲིས་བཟོས་པ་བཀའ་ཤག་གིས་གཏན་འབེབས་གནང་ཚུལ་སོགས་གསུངས་སོང་། སྲིད་བྱུས་དེའི་ནང་དོན་ཁག་འོག་ཏུ་བཀོད་ཡོད།
སྲིད་བྱུས་ཀྱི་དམིགས་ཡུལ།
སྲིད་བྱུས་ཀྱི་དམིགས་ཡུལ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་ཆབ་སྲིད་ཐེ་བའི་སྤྱི་ཚོགས་ཀྱི་བྱ་གཞག་ཚང་མའི་ཐོག་བུད་མེད་ཀྱི་ནུས་པ་དང་འགན་འཁུར་མཉམ་སྤུངས་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན།
༡༽ བུད་མེད་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་།
༡༌༡ རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དང་ལྡིངས་ཆ་ཁག་གི་ཐོག་བོད་ནང་གི་བུད་མེད་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་དང་གཏོང་མུས་ཀྱི་གནས་སྟངས་ངོ་སྤྲོད་བྱ་རྒྱུ།
༡་༢ བཙན་བྱོལ་དུ་ཡོད་པའི་བོད་པའི་བུད་མེད་རྣམས་ནས་བོད་ནང་གི་བུད་མེད་རྣམས་ཀྱི་མགྲིན་ཚབ་བྱས་ཏེ་ཁོང་ཚོའི་མངོན་འདོད་དང་གནས་སྟངས་ཁྱབ་སྤེལ་རྒྱ་གང་ཆེ་བྱ་རྒྱུ།
༡༌༣ གཞིས་བྱེས་གཉིས་ཀྱི་བུད་མེད་ཕན་ཚུན་དབར་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱ་རྒྱུ།
༢༽ ཤེས་ཡོན།
༢་༡ བུད་མེད་ཚོར་ཤེས་ཡོན་གྱི་གོ་སྐབས་དང་མཐུན་རྐྱེན་ཇེ་བཟང་དུ་གཏོང་རྒྱུ།
༢༌༢ སློབ་གྲྭ་ཁག་གི་ནང་ཕོ་མོ་དབྱེར་མེད་ཀྱི་ལྟ་གྲུབ་གཞི་རྩར་བཟུང་བའི་སློབ་འཁྲིད་ཀྱི་ཁོར་ཡུག་བསྐྲུན་རྒྱུ།
༢༌༣ བུད་མེད་ཀྱི་མཚན་མཐོང་གོང་སྤེལ་དང་གདེང་སྤོབས་མཐོ་རུ་གཏོང་རྒྱུའི་ལས་གཞི་སྤེལ་རྒྱུ།
༢༌༤ བུད་མེད་རྣམས་ལ་ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་རྒྱུའི་གོ་སྐབས་འདྲ་མཉམ་བསྐྲུན་རྒྱུ།
༣༽ འཕྲོད་བསྟེན།
༣་༡ མ་དང་བྱིས་པའི་འཕྲོད་བསྟེན་ཐོག་དམིགས་བསལ་དོ་སྣང་དང་། ལྷག་པར་མ་དང་བྱིས་པའི་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་ཆེད་མངལ་འཁོར་བ་ནས་ལོ་ལྔ་མ་ལོན་བར་གྱི་ཕྲུ་གུ་གསོ་སྐྱོང་བྱེད་ཕྱོགས་ཀྱི་སློབ་གསོ་དང་ལས་གཞི་སྤེལ་རྒྱུ།
༣༌༢ བུད་མེད་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་འཕྲོད་བསྟེན་མཐུན་རྐྱེན་དང་སློབ་གསོའི་ལས་གཞི་སྤེལ་རྒྱུ།
༣་༣ བུད་མེད་རྣམས་ལ་སོ་སོའི་ན་ཚོད་དང་མཐུན་པའི་འཕྲོད་བསྟེན་བྱེད་ཕྱོགས་སྐོར་སློབ་གསོ་བྱ་རྒྱུ།
༣་༤ བུད་མེད་དང་བྱིས་པའི་སེམས་ཁམས་ཀྱི་འཕྲོད་བསྟེན་དང་ཟས་བཅུད་ཀྱི་མཐུན་རྐྱེན་སྦྱོར་ཐབས་བྱ་རྒྱུ།
༤༽ དཔལ་འབྱོར།
༤་༡ བུད་མེད་ཚོང་ལས་གཉེར་མཁན་རྣམས་ལ་མཐུན་སྐྱོར་དང་ཟབ་སྦྱོང་སོགས་སྤྲོད་རྒྱུ།
༤་༢ བུད་མེད་རྣམས་ནས་སོ་སོའི་ལས་ཡུལ་དུ་ལས་ནུས་ལེགས་འདོན་ཐུབ་སླད་ལས་སྤྲོད་པས་བུ་བཅོལ་ཁང་གི་མཐུན་རྐྱེན་བསྐྲུན་དགོས་པའི་ལམ་སྟོན་བྱ་རྒྱུ།
༤༌༣ ཕྲུ་གུ་བཙས་སྐབས་ལས་ཡུལ་སོ་སོ་ནས་ཕ་མ་གཉིས་ཀར་གུང་སེང་དགོས་ངེས་སྤྲོད་རྒྱུ།
༤་༤ བུད་མེད་གང་མང་ཚོང་གི་ལས་རིགས་ཐོག་འགྲོ་རྒྱུར་སེམས་ཤུགས་སྤར་རྒྱུ།
༥༽ འཛིན་སྐྱོང་དང་། མགོ་འཁྲིད།
༥༌༡ གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགོ་འཁྲིད་ལས་གནས་ཐོག་བུད་མེད་གང་མང་སླེབས་ཐབས་བྱ་རྒྱུ།
༥༌༢ བུད་མེད་འགོ་འཁྲིད་སྐྱེད་སྲིང་ཐོག་འགོག་རྐྱེན་མི་ཡོང་ཆེད་སྤྱི་ཚོགས་ཀྱི་ལྟ་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱ་རྒྱུ།
༥༌༣ སྡེ་ཚན་ཚང་མའི་སྲིད་བྱུས་དང་ཐག་གཅོད་ཀྱི་ལས་དོན་བརྒྱུད་རིམ་ནང་བུད་མེད་རྣམས་འདྲ་མཉམ་ཐོག་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ།
༥་༤ ལས་ཡུལ་ཚང་མའི་ནང་ལས་བྱེད་བསྐོ་གཞག་དང་དེ་འབྲེལ་སྲིད་བྱུས་རྣམས་ཕོ་མོ་དབྱེར་མེད་ཀྱི་བསམ་ཚོར་དང་མཐུན་པ་བཟོ་ཐབས་བྱ་རྒྱུ།
༦༽ སྤྱི་ཚོགས།
༦༌༡ ཕོ་མོ་འདྲ་མཉམ་དང་བུད་མེད་ནུས་སྟོབས་སྤེལ་རྒྱུའི་ཐོག་ལས་ཀ་བྱེད་མཁན་གྱི་གཞི་རིམ་ཚོགས་སྡེ་ཁག་གི་ནུས་སྟོབས་སྤེལ་ཐབས་བྱ་རྒྱུ།
༦༌༢ སྤྱི་ཚོགས་ཡར་རྒྱས་ཐོག་བུད་མེད་ཀྱིས་དམིགས་བསལ་ཞབས་འདེགས་བསྒྲུབ་ཐུབ་པའི་སྐོར་གོ་རྟོགས་སྤེལ་བའི་སྒོ་ནས་བུད་མེད་ཐོག་སྤྱི་ཚོགས་ཀྱི་ལྟ་སྟངས་ལ་འགྱུར་བ་གཏོང་རྒྱུ།
༦་༣ བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་། ཕོ་མོ་དབྱེ་འབྱེད་ཀྱི་གནས་ཚུལ་འགོག་རྒྱུའི་ཐོག་སྐྱེས་པ་ཚོས་མཉམ་རུབ་དགོས་པའི་སློབ་གསོ་སྤྲོད་རྒྱུ།
༦༌༤ ཕྲུ་གུ་གསོ་སྐྱོང་བྱེད་པའི་ཨ་མ་ཁེར་རྐྱང་དང་། བུད་མེད་རྒས་གཅོང་སོགས་དཀའ་ངལ་ཅན་གྱི་བུད་མེད་རྣམས་ལ་དམིགས་བསལ་མཐུན་རྐྱེན་སྦྱོར་ཐབས་བྱ་རྒྱུ།
༧༽ བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས།
༧༌༡ བུད་མེད་ཐོག་བཙན་དབང་དང་རྩུབ་སྤྱོད་ཀྱི་གནས་ཚུལ་བྱུང་རིགས་ལ་བཟོད་སྲན་རྩ་བ་ནས་མི་བྱེད་པའི་སྲིད་བྱུས་འཛིན་རྒྱུ།
༧་༢ སློབ་གྲྭ་དང་། གཞིས་ཆགས། ལས་ཡུལ། ཁྱིམ་ཚང་བཅས་པར་བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་གི་གོ་རྟོགས་རྒྱ་གང་ཆེ་སྤེལ་རྒྱུ།
༧༌༣ བུད་མེད་ཐོག་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་སུ་སྤྱི་ཚོགས་སེམས་ཚོར་ལྡན་པ་བཟོ་རྒྱུ།
༧་༤ ཕོ་མོ་དབྱེ་འབྱེད་དང་བུད་མེད་ལ་རྩུབ་སྤྱོད་སོགས་བྱུང་སྐབས་དཀའ་ངལ་སེལ་ཐབས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༠༢ ལ།། །།
ནོར་བཅོས།
་་་”སྤྱིར་བུད་ལ་འབྱོན་ཐང་ཡོད་ན་དེ་མཐུན་པའི་” སྤྱིར་བུད་མེད་ལ་་་་་་་་དེ་དང་མཐུན་པའི་་་་ཞེས་བཅོས་དགོས།
་་་”འགོ་འཁྲིད་ལས་གནས་ལ་བུད་མེད་འབྱོན་ལྡན་པ་ཡོད་ན་བཞག་དགོས་པ་ལས།” ་་་་་་བུད་མེད་འབྱོན་ཐང་ལྡན་པ་་་ཞེས་བཅོས་དགོས།
དང་པོ། བཀའ་ཤག་སྐབས་ ༡༤ པའི་ས་གནས་ཁག་གི་གཞིས་མགོ་བརྒྱ་ཆ་ ༣༣ བུད་མེད་གོ་སྒྲིག་ཞུ་རྒྱུའི་སྒྲིག་གཞི་བཟོས་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་ལས་བྱེད་བརྒྱ་ཆ་ ༤༥ ཡིན་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བརྒྱ་ཆ་ ༤༨ དང་། དྲིལ་བསྒྲགས་ལས་ཁུངས་ཀྱི་ལས་བྱེད་བརྒྱ་ཆ་ ༦༠ ཙམ་བུད་མེད་ཡིན་སྐོར། དེ་བཞིན། དེ་ལམ་གསར་དུ་བསྡུས་པའི་ལས་བྱེད་བརྒྱ་ཆ་ ༥༠ བུད་མེད་ཡིན་པ། ཤེས་ཡོན་སྲིད་བྱུས་ནང་སྔོན་འགྲོའི་དགེ་རྒན་དང་དགེ་རྒན་ལས་རོགས་རྣམས་བུད་མེད་བསྐོ་བཞག་གཙོ་འདོན་བྱ་དགོས་པ་དང་། སྔོན་འགྲོའི་དགེ་རྒན་རྣམས་ལ་ཕོགས་དང་མཐུན་རྐྱེན་གཞི་རིམ་གོང་མའི་དགེ་རྒན་དང་གཅིག་མཚུངས་སྤྲོད་དགོས་པ་འཁོད་ཡོད་པ་ལྟར་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་བཀོད་འདུག ཅེས་པ་འདི་ལ་བལྟས་ན། ད་ལྟའི་བཀའ་ཤག་གིས་སྔ་མའི་བཀའ་ཤག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་པ་འདྲ་བོ་ཞིག་འདུག ངོ་རྒོལ་བྱེད་ཀྱི་ཡོད་ན་འདྲ་མེད་མ་འདྲ་དེ་གནས་ཚུལ་ལོགས་སུ་རེད། སྤྱིར་བུད་ལ་འབྱོན་ཐང་ཡོད་ན་དེ་མཐུན་པའི་ཐོབ་དབང་དེ་སྤྲད་དགོས་དང་དགོས། དེ་མིན་བུད་མེད་ལ་ཐོབ་ཐང་སྤྲད་དགོས་ཞེས་འབྱོན་ཐང་མེད་ནའང་ཨུ་ཚུགས་བརྒྱབ་ཏེ་གོ་གནས་སྤྲད་ན། མཐའ་མ་ང་ཚོ་ངུ་ན་ངུ་མི་ཐུབ། དགོད་ན་དགོད་མི་ཐུབ་པའི་གཏམ་རྒྱུད་ཅིག་ཡོང་ངེས། ད་ལྟའི་ང་ཚོས་བུད་མེད་ལས་བྱེད་ལེན་སྟངས་དེ་ལ་གཞིགས་ན་ཡག་པོ་རེད་དེ། ཁ་དཔེར། རྒྱུ་མ་མི་ལ་མ་ཕན། རྒྱུ་ཁུ་ཁྱི་ལ་མ་ཕན་ཟེར་བའི་དཔེ་མི་ཡོང་བའི་ངེས་པ་མེད།
གཉིས་པ། ༢༌༢ སློབ་གྲྭ་ཁག་གི་ནང་ཕོ་མོ་དབྱེར་མེད་ཀྱི་ལྟ་གྲུབ་གཞི་རྩར་བཟུང་བའི་སློབ་འཁྲིད་ཀྱི་ཁོར་ཡུག་བསྐྲུན་རྒྱུ། ཞེས་པ་དེ་ལ་བལྟས་ན་སློབ་གྲྭ་ཁག་ཕོ་མོ་དབྱེ་བ་ཡོད་པའི་སློབ་འཁྲིད་ཀྱི་ཁོར་ཡུག་ཅིག་ཡིན་པའི་འདུ་ཤེས་བཟུང་ཡོད་པའི་ཚོར་བ་བྱུང་། ད་ལྟའི་ང་ཚོའི་སློབ་གྲྭ་ཁག་ལ་བུད་མེད་ཀྱིས་མ་འབྱོན་ན་སྡུག་གྱོང་རེད་མ་གཏོགས་ཕོ་མོ་དབྱེ་འབྱེད་ཀྱི་སློབ་འཁྲིད་ཀྱི་ཁོར་ཡུག་ཅིག་མེད་པ་ཚིག་ཐག་ཆོད་པོས་བཤད་ཐུབ།
གསུམ་པ། ༢༌༤ བུད་མེད་རྣམས་ལ་ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་རྒྱུའི་གོ་སྐབས་འདྲ་མཉམ་བསྐྲུན་རྒྱུ། ཞེས་པ་དེའང་བུད་མེད་རྣམས་ལ་ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་རྒྱུའི་གོ་སྐབས་འདྲ་མཉམ་བསྐྲུན་མེད་པའི་རྣམ་པ་འདྲ་བོ་ཞིག་འདུག
འདིའི་ཐད་ལའང་བསམ་ཚུལ་ཞིག་བྱུང་། བུད་མེད་རྣམས་ལ་ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་རྒྱུའི་གོ་སྐབས་འདྲ་མཉམ་བསྐྲུན་ཡོད་གསལ་གསལ་ཐང་ཐང་རེད། དེ་ལ་སློབ་གཉེར་བྱེད་དང་མི་བྱེད་ཀྱི་གནད་དོན་ཞིག་རེད་མ་གཏོགས་གཞན་ཅི་ཡང་ལྷག་ཡོད་པ་མ་རེད། བུད་མེད་ཚོས་སློབ་སྦྱོང་བྱེད་མ་ཐུབ་ན་སྡུག་གྱོང་དུ་བརྩི་རྒྱུ་ལས་ཅི་ཡང་མེད།
ལྔ་པ། ༥༌༡ གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགོ་འཁྲིད་ལས་གནས་ཐོག་བུད་མེད་གང་མང་སླེབས་ཐབས་བྱ་རྒྱུ། ཞེས་པ་དེ་རེད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགོ་འཁྲིད་ལས་གནས་ལ་བུད་མེད་འབྱོན་ལྡན་པ་ཡོད་ན་བཞག་དགོས་པ་ལས། ཨུ་ཚུགས་རྒྱབ་ཏེ་འགོ་འཁྲིད་ལ་བཞག་ན་གཞུང་དང་ཚོགས་སྡེ་གང་ཡིན་ཡང་ཉམ་རྒུད་དུ་འགྲོ་བྱེད་ལས་ཅི་ཡང་མེད།
བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཟེར་བའི་ཁ་གཡང་ཙམ་བསྒྲགས་ནས་ཅང་ཕན་རྒྱུ་མ་རེད་བསམ། བསམ་ཚུལ་རེ་ཟུང་ཞུ་འདོད་བྱུང་།
གཅིག བཙན་བྱོལ་སྤྱི་ཚོགས་ནང་བུད་ཚོད་ཆེད་འཕྲད་བཞིན་པའི་དཀའ་ངལ་ཆེན་པོ་ཞིག་ནི། བྱིས་པ་བཙས་སྐབས་ཀྱི་དཀའ་ངལ་དེ་རེད། བློ་བདེ་ངང་བྱིས་པ་བཙས་ཆོག་པའི་སྨན་ཁང་ཞིག་མཁོ་སྒྲུབ་བྱ་རྒྱུ་དེ་གནད་འགག་ཆེན་པོ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་དཔེར་མཚོན་དུ་བཞག་ནས་བཤད་པ་ཡིན་ན། བདེ་ལེགས་སྨན་ཁང་དུ་བྱིས་པ་བཙའ་སྐབས་མ་བུ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་ཚང་མས་ཤེས་གསལ་རེད། དེ་བས་ཁ་གཡང་དང་འཆར་སྣང་ཙམ་བཤད་ནས་མི་སྡོད་པར་མིག་མདུན་གྱི་དཀའ་ངལ་འདི་རིགས་སེལ་དགོས་ཀྱི་འདུག བདེ་ལེགས་སྨན་ཁང་དཔེར་བཀོད་ནས་བཤད་པ་ཡིན་ན། མ་འོངས་པར་བདེ་ལེགས་སྨན་ཁང་ནང་དུ་བུ་བཙའ་ཆེད་ལས་འཕྲོད་བསྟེན་སྡེ་ཞིག་ཟུར་འཛུགས་ཀྱིས་ཚད་ལྡན་གྱི་སྨན་པ་དང་སྨན་ཞབས་འཐུས་ཚང་མཁོ་སྒྲུབ་བྱ་རྒྱུ་གལ་ཆེན་པོ་རེད། འདི་ཐད་ཆེད་དུ་སློབ་ཡོན་བཏང་སྟེ་ཆེད་ལས་སྨན་པ་དང་སྨན་ཞབས་གསོ་སྐྱོང་དང་། སྨན་པའི་ཅ་ལག་གི་མཐུན་རྐྱེན་ཚད་ལྡན་མཐུན་འགྱུར་གནང་ཐུབ་པ་ཞིག་དགོས་ཀྱི་འདུག
གཉིས། བུད་མེད་ཚོར་ཆེད་དུ་དམིགས་ཏེ་སློབ་ཡོན་མཁོ་སྒྲུབ་དང་རྒྱལ་སྤྱིའི་ཚད་ལྡན་སློབ་གྲྭ་དག་གི་ནང་སློབ་སྦྱོང་ས་མིག་རེག་ཐབས་བྱ་དགོས་ཀྱི་འདུག བུད་ཀྱི་ནུས་སྟོབས་གོང་སྤེལ་ནི་མདོར་དྲིལ་ན་སློབ་སྦྱོང་དང་ཤེས་ཡོན་གྱི་ཐོག་ནས་ཡོང་དགོས་པ་རེད་མ་གཏོགས་དམིགས་བསལ་རྐུབ་སྟེགས་སྦྱིན་པ་ཙམ་གྱིས་ཡོང་མི་ཐུབ།
གསུམ་པ། བཙན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྩོམ་ཡོན་ཅན་གྱི་བུད་མེད་ཀྱི་སྣ་འཛོམས་ཆེད་དེབ་ཚད་ལྡན་ཅིག་(བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ཐོག)་ལོ་རེར་བསྐྲུན་དགོས་ཀྱི་འདུག དུས་དེབ་དེ་བརྒྱུད་ནས་ཤེས་ཡོན་ཅན་གྱི་བུད་མེད་དག་གིས་ཆེད་ལས་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་བརྒྱུད་ནས། བོད་པའི་སྤྱི་ཚོགས་ལ་བོད་ཀྱི་བུད་མེད་ཤེས་ལྡན་པ་དག་ངོ་སྤྲོད་དང་། བུད་མེད་ཤེས་ལྡན་པ་ཕན་ཚུན་དབར་འབྲེལ་དྲིས་དང་བསམ་ཚུལ་སྤེལ་རེས་ཡོང་ཐབས་བྱ་དགོས།
དེ་མ་གཏོགས། བུད་ནུས་སྟོབས་གོང་སྤེལ་ཟེར་བར་ཁ་གཡར་ཏེ་བུད་མེད་འཇོན་ཐང་མེད་པ་འགའ་ཞིག་ལ་དམིགས་བསལ་གྱི་སྒོ་ནས་འཚོ་ཚོས་ཙམ་གྱི་རྐུབ་སྟེགས་སྦྱིན་པ་ཙམ་གྱིས། བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་མི་ཐུབ་པ་མ་ཟད། སྤྱི་ཚོགས་ཧྲིལ་པོའི་ལས་སྒོ་མཐའ་དག་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རུ་འགྱུར་ངེས་པ་དེ། བཤད་མི་དགོས་པ་ལྟ་མིག་ལམ་དུ་བཤམས་བཞག་ཡོད་པ་དེ་རེད། སྤྱི་འཐུས་གྲོས་ཚོགས་ནང་གི་བུད་མེད་སྤྱི་འཐུས་ཕལ་ཆེ་བ་ནི་རྐུབ་སྟེགས་སྲུང་བྱེད་ཀྱི་སྤྱང་ཐོ་ལྟ་བུ་ཞིག་ལས་གང་ཡང་མི་ནུས་པ་དེ་བཞིན་རེད། དེ་ལྟ་བུའི་བུད་མེད་རིགས་ཀྱིས་སྤྱི་འཐུས་གྲོས་ཚོགས་ཀྱི་རྐུབ་སྟེགས་ཀྱི་བརྒྱ་ཆ་དྲུག་ཅུ་ཟིན་ཚེ། བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དུ་ཕྱིན་ཟིན་པ་མཚོན་དགོས་ཚེ། དེ་ནི་གནམ་འོག་ལ་མི་ཤོངས་པའི་དགོད་གཏམ་ཞིག་རེད་དོ།