་་་་་་་་་་་་་་་་་་་་་་འདོན་ཐེངས་སྔ་མའི་འཕྲོས།
དྲི་བ། དོན་འགྲུབ་བཀྲ་ཤིས། ཁྱེད་ཀྱིས་གོང་དུ་རྩ་རླུང་འཕྲུལ་འཁོར་འདི་རྩེད་ན་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་རེད་གསུངས་སོང་། དེའི་སྐོར་འགྲེལ་བཤད་ཅིག་བསྐྱོན་ན་འགྲིག་གམ།
ལན། སྤྲུལ་སྐུ་བློ་བཟང་། དེ་མ་འགྲིག་པ་ཡོད་པ་མ་རེད། ནང་ཆོས་ལ་མཚན་ཉིད་ཐེག་པ་དང་སྔགས་ཀྱི་ཐེག་པ་ཞེས་པ་ཞིག་ཡོད་པ་རེད། མཚན་ཉིད་ཐེག་པ་དེ་སེམས་ཀྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་དེ་ལུས་ཀྱི་ཐེག་པ་ཡིན་ཟེར་གྱི་ཡོད་པ་རེད། སེམས་ཀྱི་གནས་ལུགས་མདོའི་ནང་ཞིབ་ཏུ་བསྟན་ཡོད་ཀྱང་། ལུས་ཀྱི་གནས་ལུགས་ཕྲ་ཞིང་ཞིབ་པ་སྔགས་ཀྱི་ནང་དུ་བསྟན་ཡོད་སྟབས། སྔགས་ཀྱི་ཐེག་པར་ལུས་ཀྱི་ཐེག་པ་ཟེར་བ་རེད། སྔགས་ཀྱི་རྫོགས་རིམ་དེ་མདོ་བསྡུས་ན་ན་རོ་ཆོས་དྲུག་ནང་མ་འདུས་པ་ཞིག་ཧ་ལམ་ཡོད་པ་མ་རེད། ན་རོ་ཆོས་དྲུག་གི་རྩ་བ་དེ་གཏུམ་མོ་ཟེར་བ་དེ་རེད། གཏུམ་མོ་ཟེར་བ་དེ་རྩ་རླུང་བསྒོམས་ཏེ་ལུས་ལ་དྲོད་འབར་བའི་ནུས་པ་ཞིག་ལ་ཟེར་བ་རེད། སྔགས་ཀྱི་གཞུང་མང་པོའི་ནང་གཏུམ་མོ་ལམ་གྱི་སྲོག་ཤིང་ཡིན་གསུངས་ཡོད་པ་རེད།
གཏུམ་མོ་དང་སྒྱུ་ལུས། གཉིད་ཀྱི་འོད་གསལ། རྨི་ལམ། འདི་དག་བཞི་ལ་རྩ་བའི་ཆོས་བཞི་ཟེར་བ་དང་། བར་དོ་དང་འཕོ་བ་གཉིས་ལ་ཡན་ལག་གི་ཆོས་གཉིས་ཟེར་བ་རེད། དེའི་ཉིང་ལག་ཕོ་ཉ་དང་འཕོ་བ་གྲོང་འཇུག་གཉིས་རེད། འདི་གཉིས་དགེ་ལྡན་པའི་ཕྱོགས་ལ་མཚོན་ན་གསང་བ་བྱེད་པ་ཞིག་རེད། ཕོ་ཉ་ནི་རིག་མ་བསྟེན་པའི་སྐོར་རེད། རིག་མ་བསྟེན་པ་མགྱོགས་ལམ་ཡིན་སྟབས་ཕོ་ཉ་བཏགས་པ་ཡིན་ས་རེད། ཁྱབ་བྱེད་ཀྱི་རླུང་དེ་བསྡུ་བའི་སྐབས་སུ་ཕོ་ཉ་བསྟེན་དགོས། ཁྱབ་བྱེད་ཀྱི་རླུང་ཕྲ་རགས་ཐམས་ཅད་ཚུར་བསྡུ་བ་ལ་བདེ་བ་ཤུགས་ཆེན་པོ་ཞིག་དགོས་པ་དང་། བདེ་བ་ཤུགས་ཆེན་པོ་དེ་ཡོང་ཐབས་ལ་ཕྱི་ཡི་ལས་རྒྱ་དང་ནང་གི་ཏིང་ངེ་འཛིན་གྱི་དམིགས་པ་ལ་བསྟེན་ཏེ། བདེ་བ་ཤུགས་ཆེན་པོ་དེ་འཕེལ་གྱི་ཡོད་པ་རེད། བདེ་བ་ཅི་ཙམ་ཤུགས་ཆེན་པོ་འཕེལ་ན་རླུང་དེ་ཙམ་འགོག་ཐུབ་པ་དང་། རླུང་ཅི་ཙམ་འགོག་ཐུབ་ན་སེམས་ཀྱི་རྣམ་རྟོག་དེ་ཙམ་འགག་པ་རེད། རྣམ་རྟོག་ཅི་ཙམ་འགག་ན་སེམས་གྱི་རང་བཞིན་འོད་གསལ་དེ་ཙམ་མངོན་དུ་འགྱུར་བཞིན་ཡོད་པ་རེད།
སྤྱིའི་ཆ་ནས་གཏུམ་མོ་ལ་དྲོད་ཀྱི་གཏུམ་མོ་དང་བདེ་བའི་གཏུམ་མོ། མི་རྟོག་པའི་གཏུམ་མོ་གསུམ་ཡོད། དྲོད་ཀྱི་གཏུམ་མོའི་གྲོགས་དེ་རླུང་འཛིན་དགོས་པ་དང་། རླུང་འཛིན་པའི་ཐབས་ལ་འཕྲུལ་འཁོར་དང་ལུས་སྦྱོང་རྩེད་དགོས་པ་རེད། གཏུམ་མོ་ལ་བྱེ་བྲག་ཏུ་རྩ་ཡི་གཏམ་མོ་དང་། རླུང་གི་གཏུམ་མོ། ཐིག་ལེ་གཏུམ་མོ་སོགས་ཡོད་པ་རེད། རྩ་རླུང་འཕྲུལ་འཁོར་རྩེད་དེ་ལུས་སྟོབས་རྒྱས་པ་དང་མཉམ་དུ་ཕོ་མོའི་བྱང་སེམས་དཀར་དམར་འཕེལ་བ་དང་། (སྐྱེས་པའི་ཁུ་བ་དཀར་པོ་དང་བུད་མེད་ཀྱི་ཟླ་མཚན་དམར་པོ་ལ་ཟེར།) བྱང་སེམས་དཀར་དམར་ལས་ཡེ་ཤེས་ངང་གིས་འཕེལ་གྱི་ཡོད་པ་རེད། གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་ཐུན་མོང་མ་ཡིན་པའི་ལུས་ལ་རྟེན་འབྲེལ་འགྲིག་ན་སེམས་ལ་རྟོག་པ་འཆར་བ་ཡིན་ཞེས་གསུངས་ཡོད། དེ་བཞིན། སེམས་ཀྱི་ཀག་སེལ་བླ་མའི་རྣལ་འབྱོར་དང་། ལུས་ཀྱི་ཀག་སེལ་རྩ་རླུང་འཕྲུལ་འཁོར་ཡིན་སོགས་གསུངས་ཡོད་པ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། ནང་པ་སངས་རྒྱས་པའི་ཆོས་དེ་ “བཤད་དང་སྒྲུབ་པ་ཁོ་ནའོ” གསུངས་ཡོད་པ་རེད། རྩ་རླུང་འཕྲུལ་འཁོར་དེ་གཉིས་གང་གི་ཁོངས་སུ་གཏོགས་པ་རེད།
ལན། སྤྲུལ་སྐུ་བློ་བཟང་། ཆོས་གོ་བར་བྱ་བའི་རིམ་པ་དང་ཆོས་ཉམས་སུ་ལེན་པའི་རིམ་པ་ཞེས་བཤད་སྲོལ་ཡོད། ཆོས་གོ་བར་བྱ་བའི་རིམ་པ་དེ་སློབ་སྦྱོང་བྱས་ཏེ་ཆོས་ཀྱི་དོན་གོ་བ་དང་དོན་རྟོགས་ཐབས་བྱེད་རྒྱུ་དེ་རེད། ན་རོ་ཆོས་དྲུག་སོགས་ཆོས་ཉམས་སུ་ལེན་པའི་རིམ་པ་རེད། ཆོས་སྦྱོང་བའི་སྐབས་སུ་སྦྲང་མ་ལྟ་བུ་བྱས་ཏེ་ཕྱོགས་འདྲ་མིན་ནས་སྦྲང་རྩི་གསོག་དགོས་པ་དང་། ཆོས་ཉམས་སུ་ལེན་པའི་སྐབས་སུ་རི་དྭགས་རྨས་མ་ལྟར་གཅིག་པུ་ནགས་ཁྲོད་རི་གསེང་སོགས་སུ་སོང་སྟེ་སྒོམ་རྒྱག་དགོས་པ་རེད། སེ་འབྲས་དགའ་གསུམ་སོགས་གདན་ས་ཁག་ཏུ་འདི་འདྲའི་བཤད་སྲོལ་ཞིག་ཡོད་པ་རེད། ‘བྱ་ཚང་ཡོད་ཡིན་ན་ཚང་ལ་སོང་། བྱ་ཚང་མེད་ཡིན་ན་རི་ལ་སོང་།’ ཟེར་བ་རེད། དེའི་དོན་དག་དགོན་པ་འཛིན་སྐྱོང་དང་ཆོ་ཀ་ཕྱག་ལེན་བྱེད་མཁན་ཡིན་ན་སོ་སོའི་དགོན་པར་སོང་། ཆོས་ཉམས་ལེན་བྱེད་མཁན་ཡིན་ན་རི་མགོར་མཚམས་བསྙེན་པར་སོང་ཟེར་གྱི་ཡོད་པ་རེད། སེ་འབྲས་དགེ་གསུམ་འདི་གཙོ་བོ་ཆོས་ལ་སློབ་སྦྱོང་བྱེད་ས་དང་ཆོས་གོ་བར་བྱེད་ས་ལྟ་བུ་རེད། བོད་པའི་ཆོས་བརྒྱུད་ཁག་ལ་མཚོན་ན། ཁ་ཤས་ཀྱིས་འདོན་པ་དང་ཆོ་ཁ་ཕྱག་ལེན་ལ་འབད་བརྩོན་བྱེད་པ་དང་། ཁ་ཤས་ཀྱིས་རིགས་ལམ་སྦྱངས་ཏེ་མཚན་ཉིད་རྩོད་པ། ཁ་ཤས་ཀྱིས་སྒྲུབ་པ་ཉམས་ལེན་བྱེད་པ་སོགས་འགྲོ་སྟངས་མ་འདྲ་བ་སྣ་ཚོགས་རེད། རྩ་རླུང་འཕྲུལ་འཁོར་ལྟ་བུར་མཚོན་ན་ཆོས་སྒྲུབ་པ་ཉམས་ལེན་གྱི་ཁོངས་སུ་གཏོགས་པ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། སྒོམ་རྒྱག་པ་དང་འཕྲུལ་འཁོར་རྩེད་བ་གཉིས་ཀྱི་ཕན་ནུས་གཙོ་བོ་ག་རེ་རེད། འདི་གཉིས་ཀྱི་ཕན་ནུས་སོ་སོ་རེད་དམ་གཅིག་པ་རེད།
ལན། སྤྲུལ་སྐུ་བློ་བཟང་། ནང་ཆོས་ཀྱི་བཤད་སྟངས་བྱས་ན། སེམས་དེ་འཁོར་བར་འཁོར་བྱེད་སྡུག་བསྔལ་གྱི་རྒྱལ་བོ་ལྟ་བུ་དང་། རྒྱལ་བོ་དེ་ལ་འདོད་ཆགས་དང་ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སོགས་བློན་པོ་ལྔ་ཡོད། ད་དུང་དེ་ལ་རྣམ་རྟོག་གི་དམག་མི་གྲངས་མེད་པ་ཡོད་ཟེར་བ་རེད། ང་ཚོ་མི་དཀྱུས་མ་སུ་ཞིག་ཡིན་ཡང་སེམས་དེ་ག་དུས་ཡིན་ཡང་རྒྱ་ཡན་དུ་ཤོར་བསྡད་ཡོད་པ་རེད། སེམས་བཟུང་སྟེ་དབང་དུ་བསྡུ་ཐུབ་ཡོད་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། སེམས་འཛིན་ཐུབ་པ་ཡིན་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་ཡོད་པ་རེད།
སྔགས་ཀྱི་ནང་དུ་སེམས་འཛིན་པའི་ཐབས་ལ་རྒྱལ་བོ་མཁར་ནང་ནས་འཛིན་སྟངས་ཤིག་དང་། རྒྱལ་བོ་འཕྲང་ལམ་ནས་འཛིན་སྟངས། རྒྱལ་བོ་གཡེང་ཡུལ་ནས་འཛིན་སྟངས། རྒྱལ་བོ་རྫས་ཀྱིས་འཛིན་སྟངས་སོགས་བཞི་གསུངས་ཡོད་པ་རེད། རྒྱལ་བོ་མཁར་ནང་ནས་འཛིན་སྟངས་དེ་རྫོགས་པ་ཆེན་པོའི་བཤད་སྟངས་རེད། བློན་པོ་ཉོན་མོངས་ལྔ་དང་། རྣམ་རྟོག་གི་དམག་མི་གྲངས་མེད་པ་དག་ལ་རྒྱག་རེས་བརྒྱབ་ན་རྒྱལ་ཁ་འཐོབ་རྒྱུ་དཀའ་མོ་ཡིན་སྟབས། སེམས་རྒྱལ་བོ་དེ་ཐད་ཀར་འཛིན་པའི་ཆེད་དུ་ལུས་མཁར་ལ་དཔེ་བླངས། མིག་གཉིས་སྐར་ཁུང་ལ་དཔེ་བླངས་ཏེ། སྒོམ་བརྒྱབ་སྟེ་སྐར་ཁུང་ལས་རང་གི་སེམས་ལ་ཁ་ཐུག་གིས་བལྟས་ན། སེམས་ཀྱི་ངོ་བོ་དམར་དམར་རྗེན་རྗེན་དུ་མཐོང་ཐུབ་པ་རེད། འདི་ལ་རིག་པ་གཅེར་མཐོང་ཡང་ཟེར་བ་རེད།
རྒྱལ་བོ་འཕྲང་ལམ་ནས་འཛིན་སྟངས་དེ་རྩ་དབུ་མ་ལ་བརྟེན་དགོས་པ་དང་། རྩ་དབུ་མའི་འཕྲང་ལམ་ནས་བསྒུགས་ཏེ་རྒྱལ་བོ་འཛིན་པར་གཏུམ་མོ་ལ་བརྟེན་དགོས་པ་རེད། རྩ་རླུང་བསྒོམས་ཏེ་གཟུགས་པོའི་ནང་ལ་གཏུམ་མོའི་དྲོད་བསྐྱེད་དགོས་པ་དང་། གཏུམ་མོའི་དྲོད་ལ་བརྟེན་ཏེ་ལུས་ཀྱི་རྩ་ཐམས་ཅད་སྒོ་ཕྱེ་ཡོང་གི་རེད། རྩ་སྒོ་ཕྱེ་བ་ལ་བརྟེན་ཏེ་རྩ་དབུ་མའི་ནང་རླུང་རྒྱུ་བ་དང་། ཐུར་སེལ་གྱི་རླུང་གྱེན་ལ་རྒྱུ་སྟེ་མེ་མཉམ་གྱི་རླུང་གཡོས་ཏེ། སྤྱི་བོའི་གཙུག་ནས་ཁམས་ཀྱི་དྭངས་མ་(སྐྱེས་པའི་ཁུ་བ།)ཐིག་ལེ་བཞུས་ཏེ་རྩ་དཀར་བརྒྱུད་ནས་མར་བཞུར་ཡོང་སྐབས། ཐིག་ལེ་དེ་རྩ་དཀར་གྱི་ངོས་སུ་ཐུག་རེག་བྱས་པའི་བདག་རྐྱེན་གྱིས་ལུས་ལ་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བསྟེར་བ་རེད།
ཕོའི་བྱང་སེམས་དཀར་པོ་དེ་གཟུགས་པོའི་རྩ་ལམ་ཐམས་ཅད་ནང་ཁྱབ་ཡོད་ཀྱང་གཙོ་བོ་སྤྱི་གཙུག་ཀླད་པར་གནས་ཡོད་སྟབས། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ཟེར་བ་རེད། མོའི་བྱང་སེམས་དམར་པོ་དེའང་ལུས་ཀྱི་རྩ་ལམ་ཐམས་ཅད་ལ་ཁྱབ་ཡོད་ཀྱང་བརྟེན་ས་གཙོ་བོ་ལྟེ་བའི་འོག་གི་སོར་བཞིའི་མཚམས་སུ་གནས་ཡོད་པ་རེད། རྩ་རླུང་སྒོམ་ནས་བདེ་བ་ཞིག་འཕེལ་གྱི་ཡོད་པ་དེ་ཕོ་མོ་ཉིས་སྦྱོར་(ཕོ་མོའི་འཁྲིག་སྤྱོད།)སྐབས་ཀྱི་བདེ་ཚོར་དང་འདྲ་བོ་ཡིན་སྟབས། སྔགས་ཀྱི་ནང་དུ་ཕོ་མོའི་སྦྱོར་བ་དེ་གལ་ཆེན་དུ་བརྩིས་ཏེ་ཧ་ཅང་རྒྱས་པ་གསུངས་ཡོད་པ་རེད།
ཐིག་ལེ་དཀར་དམར་དེ་བ་མོའི་འོ་མ་ལྟ་བུ་ཞིག་ཡིན་གསུངས་ཡོད་པ་རེད། བ་མོ་མ་བཞོས་ན་སྐམ་འགྲོ་བ་དང་བཞོ་རྒྱུ་མང་དྲགས་ན་འོ་མ་རྫོགས་འགྲོ་བ་རེད། ཆོས་ཉམས་སུ་ལེན་མཁན་ཡིན་ན་ལུས་སྟོབས་ཉམས་ནས་ཐིག་ལེ་སྐམ་ཉན་གི་མ་རེད། ལུས་ཟུངས་གསོ་བའི་ཆེད་དུ་འཕྲུལ་འཁོར་རྩེད་དགོས་པ་མ་ཟད། ཟ་མའང་ཡག་པོ་ཟ་དགོས་པ་རེད། སྔགས་ཀྱི་ནང་དུ་མཚམས་རེར་ཤ་ཆང་སྤྱོད་ཆོག་པའང་རྒྱུ་མཚན་དེ་ལ་ཐུག་ཡོད་པ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། ང་ལ་ད་དུང་གསལ་བོ་ཞིག་ཆགས་མ་སོང་། རྩ་རླུང་སྒོམ་པ་དང་འཕྲུལ་འཁོར་རྩེད་པ་གཉིས་ལ་འབྲེལ་བ་ག་རེ་ཡོད་པ་རེད། དེ་གཉིས་ཀྱི་ནུས་པ་གཅིག་པ་རེད་དམ་ཁ་ཁ་རེད། གསལ་བོ་ཞིག་གསུངས་རོགས།
ལན། སྤྲུལ་སྐུ་བློ་བཟང་། ངས་ཁྱེད་ལ་དཔེ་ཞིག་བཞག་ནས་བཤད་ན། ང་ཚོའི་རླུང་དེ་སེམས་ཀྱི་རྟ་ཡིན་ཟེར་གྱི་ཡོད་པ་རེད། སེམས་དེ་རྐང་པ་མེད་པའི་མི་ཞིག་དང་། རླུང་དེ་མིག་མེད་པའི་རྟ་ཞིག་ཡིན་ཟེར་གྱི་ཡོད་པ་རེད། དེ་གཉིས་འཕྲད་པའི་དབང་གིས་ཉེས་པ་མང་པོ་གསོག་གི་ཡོད་པ་རེད། ང་ཚོས་སེམས་འཛིན་པའི་ཆེད་དུ་སྔོན་ལ་སེམས་ཀྱི་རྟ་རླུང་དེ་འཛིན་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ལ་སྔགས་ཕྱོགས་ནས་རྩ་རླུང་འཕྲུལ་འཁོར་རྩེད་པ་དང་། མདོ་ཕྱོགས་ནས་སྒོམ་རྒྱག་གི་ཡོད་པ་རེད། སེམས་འཛིན་པའི་ཐབས་ལ་རྣལ་འབྱོར་བ་དེ་ཚོས་ལོ་དང་ཟླ་བ་མང་པོར་རྩ་རླུང་སྒོམ་གྱིན་ཡོད་པ་རེད། དཔེར་ན། རླུང་སྒོམ་པའི་སྐབས་སུ་བུམ་ཆེན་དང་བུམ་འབྲིང་། བུམ་ཆུང་ཟེར་བ་སོགས་ཡོད། ཐོག་མའི་གོ་རིམ་སྐབས་སུ་བུམ་ཆུང་སྐར་མ་གསུམ་ལ་རླུང་འཛིན་དགོས་པ་དང་། བུམ་འབྲིང་སྐར་མ་དྲུག བུམ་ཆེན་སྐར་མ་དགུ་རེད། འུ་ཅག་མྱོང་གོམས་མེད་མཁན་ཞིག་ཡིན་ན་རླུང་སྐར་མ་གཅིག་ལྷག་འཛིན་ཐུབ་པ་མ་རེད། ཚན་རིག་གི་ཐོག་ནས་སྐར་མ་ལྔ་ལ་དབུགས་འབྱིན་རྔུབ་བཀག་ན་ཤི་འགྲོ་བ་རེད་ཟེར་གྱི་ཡོད། རྣལ་འབྱོར་གྱི་ནུས་པ་འཐོན་ཡོད་མཁན་ཞིག་ཡིན་ན། རླུང་ཆུང་བ་ཉིན་གཅིག་དང་འབྲིང་བ་ཟླ་བ་གསུམ། རླུང་ཆེན་པོ་ཟླ་བ་དྲུག་ལ་འཛིན་ཐུབ་པ་རེད། སྤྱིར་བཏང་རླུང་ཕར་གཏོང་བ་དང་ཚུར་རྔུབ་པ། གནས་བ་གསུམ་ཡོད་པ་ལས་འདིའི་སྐབས་སུ་རླུང་གནས་པ་དེ་གཙོ་བོར་འཛིན་པ་རེད། གང་ཡིན་ཟེར་ན། རླུང་འཛིན་ཐུབ་ན་སེམས་རང་བཞིན་གྱིས་བཟུང་ཀྱི་ཡོད་པ་རེད།
སེམས་འཛིན་ཐབས་སུ་སྔགས་ཕྱོགས་ནས་རྩ་རླུང་འཕྲུལ་འཁོར་དང་གཏུམ་མོའི་དྲོད་ལ་བརྟེན་པ་རེད། འདི་ལ་མ་བསྒོམས་པའི་སངས་རྒྱས་པའི་ལམ་ཡང་ཟེར་བ་རེད། སྒོམ་རྒྱག་མ་དགོས་པར་འཕྲུལ་འཁོར་ལ་བརྟེན་ཏེ་སེམས་ཀྱི་རྣམ་རྟོག་རྣམས་རིམ་པ་བཞིན་འགག་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་མཐོང་གི་ཡོད་པ་རེད།
ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་ལ་བདེ་བ་ཕབ་པའི་འཕྲུལ་འཁོར་དང་། བདེ་བ་འཛིན་པའི་འཕྲུལ་འཁོར། བདེ་བ་བཀྲམ་པའི་འཕྲུལ་འཁོར་སོགས་ཡོད་པ་རེད། འཕྲུལ་འཁོར་ཤུགས་ཆེན་པོ་རྩེད་རྗེས་ཕྱག་རྒྱ་ཆེན་པོའི་ཐོག་ཉམས་པར་བཞག་ན་སོ་སོའི་སེམས་ངོ་སྟོང་སང་སང་ཡོད་པ་རེད། འཕྲུལ་འཁོར་དེ་གཏུམ་མོའི་འབོགས་འབྱིན་དང་ཀག་སེལ་ལྟ་བུ་རེད།
མདོ་ཕྱོགས་ནས་གཙོ་བོ་སྒོམ་ལ་བརྟེན་པ་རེད། སེམས་ལ་ཐད་ཀར་རྒོལ་ཏེ་ཉེས་པ་ལྔ་དང་སྟོབས་དྲུག ཡིད་བྱེད་བཞི། སེམས་གནས་དགུ། འདུ་བྱེད་བརྒྱད་སོགས་བསྒོམས་ཏེ་སེམས་འཛིན་ཐབས་བྱེད་ཀྱི་ཡོད་པ་རེད། ཐབས་ལམ་མ་འདྲ་བ་རེད་མ་གཏོགས་མདོ་སྔགས་གཉིས་ཀས་སེམས་བཟུང་སྟེ་རྣམ་རྟོག་ཐམས་ཅད་འགོག་རྒྱུའི་དམིགས་ཡུལ་གཅིག་པ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། སྔགས་ཀྱི་ནང་དུ་ཐིག་ལེ་ཡར་འདྲེན་ཟེར་བ་ཞིག་ཡོད་པ་དེ་སྒོམ་རྒྱག་སྟངས་ཤིག་གམ། སེམས་ཀྱི་དམིགས་པ་འཛིན་སྟངས་ཤིག་ལ་བརྟེན་ཏེ་ཡོང་གི་ཡོད་པ་འདྲ།
ལན། སྤྲུལ་སྐུ་བློ་བཟང་། ཐིག་ལེ་ཕབ་སྟངས་སྣ་ཚོགས་ཡོད་པ་ལས་རིག་མ་བསྟེན་པ་དང་རིག་མ་སྒོམ་པ་གཉིས་གཞན་ལུས་ལ་བརྟེན་པའི་ཐིག་ལེ་ཕབ་སྟངས་དང་། གཏུམ་མོ་སྒོམ་པ་དང་ལག་པའི་ཕྱག་རྒྱ་(ལག་པས་རང་གི་གསང་གནས་ལ་འཕུར་མཉེད་བྱས་ཏེ་བདེ་བ་ཕབ་པ།)གཉིས་རང་ལུས་ལ་བརྟེན་ཏེ་ཐིག་ལེ་ཕབ་སྟངས་རེད། སྐྱེས་པ་སྔགས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་གཏུམ་མོ་སྒོམ་པའི་སྐབས་སུ་རིག་མ་བསྟེན་དགོས་དང་མི་དགོས་རྩོད་པ་རེད། གང་ལྟར། རིག་མ་བསྟེན་ན་མགྱོགས་ལམ་ལྟ་བུ་རེད། དགེ་ལུགས་པའི་གཞུང་དུ་བོགས་འདོན་ཙམ་ལ་མ་གཏོགས་རིག་མ་བསྟེན་མི་དགོས་གསུངས་ཡོད། སྔགས་ཉམས་ལེན་བྱེད་མཁན་མང་ཆེ་བར་གསང་ཡུམ་(བཟའ་ཟླ།)ཡོད་པ་རེད། ཡིན་ནའང་གསང་ཡུམ་ལ་འཁྲིག་པ་སྤྱད་དེ་བདེ་བ་ཐོབ་པ་ཙམ་གྱིས་འགྲིག་གི་མ་རེད། ཐིག་ལེ་ཡར་འདྲེན་བྱས་ཏེ་བདེ་བ་འཛིན་ཐུབ་དགོས་པ་རེད། དང་པོ་བདེ་བ་ཕབ་པ་དང་། དེ་ནས་བདེ་བ་འཛིན་པ། དེ་ནས་བདེ་བ་ཡར་འདྲེན་པ། དེ་ནས་བདེ་བ་བཀྲམ་པ་སོགས་བྱེད་དགོས། བདེ་བ་ལུས་ཀྱི་ཕྱི་ནང་གསང་གསུམ་དུ་ཁྱབ་པའི་སྐབས་སུ་ལུས་སྟེང་ལ་གཟེར་མ་བཏབས་ཀྱང་ན་ཟུག་མི་ཚོར་བ་དེ་འདྲ་ཞིག་ཡིན་ས་རེད། ཐིག་ལེ་མར་འབབ་སྐབས་ཀྱི་བདེ་བ་དེ་ལ་ཕོ་བདེ་དང་། ཐིག་ལེ་ཡར་འདྲེན་པའི་སྐབས་ཀྱི་བདེ་བ་ལ་མོ་བདེ། ཐིག་ལེ་ལུས་ཀྱི་ཕྱི་ནང་གསང་གསུམ་ལ་བཀྲམ་པའི་སྐབས་ཀྱི་བདེ་བ་ལ་མ་ནང་གི་བདེ་བ་ཟེར་བ་རེད། ཕོ་བདེ་ལ་བདེ་བའི་ཟུག་གཟེར་ཆེ་བ་དང་མོ་བདེ་ལ་བདེ་བའི་ཟུག་གཟེར་ཆུང་བ། མ་ནང་གི་བདེ་བ་དེ་བདེ་བ་ཆེ་ཞིང་འཇམ་ཟེར་བ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། ཁྱེད་རང་གི་གསུང་སྟངས་བྱས་ན། སྐྱེས་པ་སྔགས་ཉམས་ལེན་བྱེད་མཁན་ཡིན་ན་མཐའ་མར་རིག་མ་བསྟེན་དགོས་པ་དང་། བུད་མེད་སྔགས་ཉམས་ལེན་བྱེད་མཁན་ཡིན་ནའང་དེ་བཞིན་དུ་མཐའ་མར་ཁྱོ་ག་བསྟེན་དགོས་ཚུལ་གསུངས་སོང་། རབ་ཏུ་བྱུང་བའི་དགེ་སློང་དང་དགེ་སློང་མ་ཚོས་ལུས་འབྲེལ་བྱས་ན་སྡོམ་པ་ཤོར་ཡོད་པ་མ་རེད་དམ།
ལན། སྤྲུལ་སྐུ་བློ་བཟང་། སྔགས་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན། མགོའི་ནང་སྟོང་ཉིད་ཀྱི་མྱོང་བ་དང་། སྙིང་ལ་སྙིང་རྗེ་ཡི་ཚོར་བ། ལུས་རྩ་རླུང་ལ་དབང་ཐོབ་པ་བཅས་ལ་དབང་གསུམ་ཐོབ་པ་ཟེར་བ་རེད། ཚད་གཞི་དེ་ལ་སླེབས་སྐབས་ངེས་པར་དུ་ཕོ་མོའི་སྦྱོར་བ་བྱེད་དགོས་པ་རེད། རྩ་བའི་བླ་མས་ཀྱང་རང་གི་སློབ་མའི་རྟོགས་པ་དང་ནུས་པར་བརྟག་དཔྱད་བཏང་སྟེ་ཚད་བསླེབས་ཡོད་ན་རིག་མ་བསྟེན་དགོས་པའི་བཀའ་གནང་གི་རེད།
རང་གི་ལུས་ལྷ་ཡི་འདུ་ཤེས་དང་ངག་ངག་གི་འདུ་ཤེས། སེམས་ཆོས་ཀྱི་འདུ་ཤེས་བཅས་འདུ་ཤེས་གསུམ་ཡ་མ་བྲལ་བའི་ཐོག་ལ། ཐིག་ལེ་ཕབ་ལ་ལ་མཁས་པ་དང་། ཐིག་ལེ་འཛིན་པ་ལ་མཁས་པ། ཐིག་ལེ་ཡར་འདྲེན་པ་ལ་མཁས་པ། ཐིག་ལེ་བཀྲམས་པ་ལ་མཁས་པ་བཅས་མཁས་པ་བཞི་དང་ལྡན་པའི་སྐབས་ལ་རིག་མ་བསྟེན་ཏེ་སྦྱོར་བ་བྱས་ཀྱང་སྡོམ་པ་ཤོར་ཡོད་པ་མ་རེད། ཡིན་ནའང་སྦྱོར་བ་བྱེད་ས་དེ་སྤྱིར་བཏང་གི་མི་དཀྱུས་མ་དེ་འདྲ་མ་ཡིན་པར། ཕྱི་ནང་གསང་གསུམ་དང་ལུས་ངག་ཡིད་གསུམ་ཚད་ལོན་པ་ཞིག་དགོས་པ་རེད། འཁྲིག་པ་སྤྱོད་སྐབས་ཐིག་ལེ་ཐིགས་པ་གཅིག་ཀྱང་ཕྱི་ལ་འཆོར་ཉན་གི་མ་རེད།
རྗེ་རིན་པོ་ཆེ་མཆོག་ལ་མཚོན་ན་ཡང་གསང་ཡུམ་བསྟེན་ཡོད་དང་མེད་ཀྱི་བཤད་ཚུལ་སྣ་ཚོགས་ཡོད་པ་རེད། རྗེ་རིན་པོ་ཆེ་ཚེ་གཅིག་ལ་སངས་རྒྱས་ཡོད་ཀྱང་། ལུས་གཅིག་ལ་སངས་རྒྱས་པའི་མཛད་པ་བསྟན་ཡོད་པ་མ་རེད། གང་ཡིན་ཟེར་ན། རིག་མ་བསྟེན་ཡོད་པ་མ་རེད་ཟེར་མཁན་ཡང་ཡོད་པ་རེད། སྔགས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་རྟོགས་པ་གང་ལ་གང་འཚམ་ལ་བསླེབས་པའི་སྐབས་སུ་ངེས་པར་དུ་རིག་མ་བསྟེན་དགོས་པ་རེད། རིག་མ་མ་བསྟེན་ན་སྔགས་ཀྱི་དམ་ཚིག་ལ་འགལ་ཡོད་པ་རེད།
སྔགས་ཆོས་ཉམས་སུ་བླངས་ཏེ་འཁྲིག་པ་སྤྱོད་མཁན་སུ་ཞིག་ཡིན་ཡང་ཧ་ཅང་གཟབ་གཟབ་བྱེད་དགོས་ཀྱི་ཡོད་པ་རེད། ཆོས་ཉམས་སུ་ལེན་སྐབས་གང་ཟག་སྒེར་མཚན་དུ་བྱས་ན་འགྲིག་གི་ཡོད་ཀྱང་། བསྟན་པ་སྤྱི་མཚན་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་གནོད་ཀྱི་ཡོད་ན། རིག་མ་དང་ལྷན་དུ་གནས་དབེན་པ་སུ་གང་གིས་མི་མཐོང་སར་སོང་སྟེ་ཆོས་ཉམས་ལེན་བྱེད་པ་དང་། ཡང་ན་དགེ་སློང་གི་ཆ་བྱད་བསྒྱུར་ཏེ་སྐྱ་བོའི་ཆས་སུ་ཞུགས་ནས་ཉམས་ལེན་བྱེད་དགོས་པ་རེད། དཔེར་ན། སྔོན་ཆད་བྲམ་སེ་(གྲུབ་ཆེན)ས་ར་ཧཱ་དཔལ་ན་ལེན་ཊར་བཞུགས་སྐབས། ཡེ་ཤེས་ཀྱི་ལྷ་མོ་དང་མི་མ་ཡིན་སོགས་ཡོང་སྟེ་ཁོའི་བཞུགས་གནས་སུ་སྐད་རྒྱག་གི་ཡོད་པ་ཕྱི་ལོགས་ནས་ཐོས་ཏེ། ན་ལེན་ཊའི་དགེ་བསྐོས་ནང་དུ་ཡོང་སྐབས་མི་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། རྗེས་ལ་ས་ར་ཧཱ་ན་ལེན་ཊ་ནས་ཕྱིར་འཕུད་བཏང་བའི་སྒྲུང་དེ་འདྲ་ཡོད་པ་རེད། གྲུབ་ཆེན་ས་ར་ཧཱ་ཡིས་རིག་མ་བསྟེན་པའི་རྗེས་ལ། “ང་སྔོན་ཆད་དགེ་སློང་རྣམ་དག་མིན། ད་ལྟ་ང་དགེ་སློང་རྣམ་དག་ཡིན།” ཞེས་གསུངས་པ་རེད་ཟེར་བའི་བཤད་སྲོལ་ཡོད་པ་རེད།
ཡིན་ནའང་གཏུམ་མོ་སྒོམ་པ་དང་ཐིག་ལེ་ཡར་འདྲེན་སོགས་སྔགས་ཀྱི་ནུས་པ་གང་ཡང་མེད་པར། ངས་གསང་སྔགས་ཉམས་སུ་ལེན་གྱི་ཡོད་ཅེས་ཁྱོ་ག་སྐྱེས་དམན་བསྟེན་ཏེ་འཁྲིག་པ་སྤྱད་ན། དེ་ནི་འཇིག་རྟེན་རྒད་པོ་རྒན་མོས་འཁྲིག་པ་སྤྱོད་སྟངས་དང་གཅིག་པ་རེད། དེ་ལ་སྡུག་པ་མ་གཏོགས་དགེ་པའི་ནུས་པ་གང་ཡང་ཡོད་པ་མ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། གོང་དུ་ཁྱེད་ཀྱིས་ཐིག་ལེ་ཕབ་སྟངས་ལ་གཏུམ་མོ་སྒོམ་པ་དང་རིག་མ་སྒོམ་པ། ལག་པའི་ཕྱག་རྒྱ། དེ་བཞིན། རྫས་དང་སྔགས་སོགས་ལ་བརྟེན་ཏེ་བདེ་བ་ཕབ་ཐུབ་ཀྱི་ཡོད་སྐོར་བརྗོད་བྱུང་། དེས་ན་ངེས་པར་དུ་རིག་མ་བསྟེན་དགོས་དོན་གང་ཡིན་ནམ།
ལན། སྤྲུལ་སྐུ་བློ་བཟང་། འདི་ལ་བཤད་སྟངས་སྣ་ཚོགས་ཡོད་པ་རེད། ཁ་ཤས་ཀྱིས་རིག་མ་མ་བསྟེན་པར་གཏུམ་མོའི་དྲོད་དང་རྩ་རླུང་སྒོམ་པ་སོགས་ལ་བརྟེན་ཏེ་སྟོང་ཉིད་རྟོགས་པ་དང་སངས་རྒྱས་ཀྱི་ས་རུ་བགྲོད་ཐུབ་པ་རེད་ཟེར་མཁན་ཞིག་དང་། ཡང་ཁག་ཅིག་གིས་མཐར་ཐུག་གི་བདེ་སྟོང་ངོ་བོ་དབྱེར་མེད་དུ་འཆར་བ་ལ་བདེ་བ་ཤུགས་ཆེན་པོ་ཞིག་དགོས་པ་དང་། ཕོ་མོའི་འཁྲིག་སྤྱོད་ཀྱི་བདེ་བ་དེ་གཏུམ་མོའི་དྲོད་དང་དམིགས་པ་སྒོམ་པ། ལག་པའི་ཕྱག་རྒྱ་སོགས་ལས་ཀྱང་བདེ་བ་ཤུགས་ཆེ་སྟབས། སྔགས་ཉམས་སུ་ལེན་སྐབས་ངེས་པར་དུ་རིག་མ་བསྟེན་དགོས། གང་ཡིན་ཟེར་ན། ནང་གི་རྣལ་འབྱོར་གྱིས་རྒྱུ་བྱས་ཤིང་། ཕྱིའི་སྦྱོར་བ་བྱེད་པས་རྐྱེན་བྱས་ན་བདེ་བ་ཤུགས་ཆེ་ཤོས་དེ་འཕེལ་བ་དང་། བདེ་བ་ཤུགས་ཆེ་ཤོས་དེས་རླུང་གི་རྒྱུ་བ་ཐམས་ཅད་འཛིན་ཐུབ་པ་དང་། དེ་ལ་བརྟེན་ཏེ་རྣམ་རྟོག་ཐམས་ཅད་རང་འགགས་སུ་སོང་སྟེ། བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་མངོན་དུ་འགྱུར་ཐུབ་ཟེར་བ་རེད། རིག་མ་བསྟེན་པའི་བསྟེན་མཚམས་ཐད་དགེ་ལྡན་པ་དང་རྙིང་མ་བ། བཀའ་བརྒྱུད་སོགས་ལ་ཤོད་སྟངས་མ་འདྲ་བ་རེད། དགེ་ལྡན་པ་ལྟ་བུར་མཚོན་ན། རིག་མ་དེ་མཐའ་མའི་བོགས་འབྱེད་ལྟ་བུར་བསྟེན་དགོས་གསུངས་ཡོད་པ་རེད།
ངེད་གཉིས་རིག་མ་རིག་མ་ལབ་པ་མ་གཏོགས་ཕོ་མོ་གཉིས་ཀ་གཅིག་པ་རེད། སྔགས་ཉམས་ལེན་བྱེད་མཁན་ཕོ་ཡིན་ན་སྐྱེས་དམན་བསྟེན་དགོས་པ་དང་། མོ་ཡིན་ན་ཁྱོ་ག་བསྟེན་དགོས་པ་གཅིག་པ་རེད། དཔེར་ན། མ་གཅིག་ལབ་སྒྲོན་ལྟ་བུར་མཚོན་ན། ཐོག་མ་དགེ་སློང་ཡིན་ནམ་དགེ་ཚུལ་ཡིན། གང་ལྟར་སྡོམ་པ་བླངས་ཡོད་ས་རེད། ཡིན་ནའང་རྗེས་ལ་སྔགས་ཉམས་ལེན་བྱས་ཏེ་རྟོགས་པ་གང་འཚམས་ལ་བསླེབས་སྐབས། རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་བོད་དུ་ཕེབས་པའི་སྐབས་དང་བསྟུན་ཏེ། མོ་རང་གི་རྩ་བའི་བླ་མས་ཕ་དམ་པ་གསང་ཡབ་ལ་བསྟེན་དགོས་གསུངས་སྐབས། ཐོག་མ་མོ་རང་གིས་མོས་མཐུན་གནང་མེད་ཀྱང་རྗེས་ལ་བླ་མའི་བཀའ་བཞིན་ཕ་དམ་པ་གསང་ཡབ་ལ་བསྟེན་པ་རེད། ཁོང་ཡབ་ཡུམ་གཉིས་ཀྱིས་སྦྱོར་བ་བྱེད་སྐབས་ཁྱིམ་མཚེས་ཚོས་མཐོང་ནས་དད་ལོག་བྱས་ཀྱང་རྗེས་ལ་གནམ་མཁའ་ནས་མཇའ་ཤར་བ་སོགས་ཀྱི་རྟགས་མཚན་ཡ་མཚན་དེ་འདྲ་བྱུང་བའི་གཏམ་བརྒྱུད་ཡོད་པ་རེད། རྗེས་ལ་མ་གཅིག་ལབ་སྒྲོན་ལ་བུ་རྒྱུད་ཀྱང་བྱུང་ཡོད་པ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། བོད་ཀྱི་ནང་ཆོས་ནང་དུ་གསང་སྔགས་ཟེར་བ་ཞིག་ཡོད་པ་དེ་གསང་བ་བྱེད་པ་ལས་ཁྱབ་བསྒྲགས་བྱེད་རྒྱུ་ཞིག་མིན་པ་འདྲ། ཁྱོད་རང་དེའི་ཐད་དགོངས་ཚུལ་གང་འདྲ་ཡོད།
ལན། སྤྲུལ་སྐུ་བློ་བཟང་། གསང་སྔགས་ཟེར་བ་དེ་སྣོད་མིན་ལ་ ‘གསང་བ’ དང་། སྣོད་ལྡན་ལ་ ‘སྔགས་པ’ ཟེར་བའི་དོན་རེད། ཡུལ་དུས་མི་འཚམས་པ་དང་། སྣོད་མི་འཚམས་པ། བློ་མི་འཚམས་པ་སོགས་ལ་གསང་བ་བྱེད་དགོས་པ་དང་། བསླབ་པ་སློབ་གཉེར་གྱི་གནས་ཚད་མཐོན་པོར་བསླེབ་པའི་ཁ་ཐུག་ལ་གསང་བ་མན་ངག་དེ་དག་ལག་ལེན་བསྟར་དགོས་གསུངས་ཡོད་པ་རེད། ད་དུང་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཟེར་བ་སོགས་བླ་མ་དང་སློབ་མ་བྱས་ཏེ། ངག་བརྒྱུད་ནས་འགྲོ་དགོས་པ་ལས་ཡིག་ཐོག་ཏུ་མེད་པ་སོགས་མང་པོ་ཡོད་ཀྱང་། ང་རང་གི་ལྟ་སྟངས་བྱས་ན། གསང་སྔགས་ཟེར་བ་དེ་དག་གསང་བ་བྱས་ཏེ་འཇོག་དགོས་པ་ཞིག་མ་རེད་བསམ་གྱི་འདུག ད་ལྟའི་དུས་ཚོད་འདི་ལ་གསང་བ་བྱས་ཏེ་གསང་ཐུབ་པ་ཞིག་ཀྱང་མ་རེད། གསང་སྔགས་ཀྱི་དེབ་ག་རེ་དགོས་ཀྱང་ག་ས་གང་ནས་རེག་གི་ཡོད་པ་རེད།
ཕྱི་རྒྱལ་བ་ཚོར་མཚོན་ན་གསང་བ་ཟེར་བ་དེ་ལ་དགའ་བོ་བྱེད་པ་མ་རེད། སྡུག་ཅག་ཅིག་བྱས་ཡོད་ཀྱང་གསང་བ་མ་བྱས་པར་བཤད་བཞག་ན་ཡག་པོར་རྩི་བ་རེད། ཨེ་ཤ་ཡའི་མི་རིགས་ཚོ་དང་། ལྷག་པར་དུ་བོད་པ་ཚོར་མཚོན་ན། ནོར་འཁྲུལ་རེ་ཤོར་ན་སྦེད་ཅི་ཐུབ་དང་གསང་ཅི་ཐུབ་བྱེད་པ་རེད། བོད་པ་ཚོས་སྐྱོན་དང་ནོར་འཁྲུལ་རིགས་སྦ་གསང་བྱས་ཏེ་གཡོལ་ཐབས་བྱེད་པ་དང་ཕྱི་རྒྱལ་བ་ཚོས་བཤད་ནས་འདག་ཐབས་བྱེད་པ་རེད།
སྤྱིར་བཏང་སྔགས་བཤད་པའི་སྐབས་སུ་ལུས་བཤད་ཀྱི་ཡོད་པ་རེད། ལུས་བཤད་པའི་སྐབས་སུ་ཕོ་མོའི་ཁམས་དཀར་དམར་བཤད་དགོས་པ་རེད། ཁམས་དཀར་དམར་བཤད་སྐབས་དེང་རབས་ཀྱི་བཤད་སྟངས་དང་ཁ་གསལ་བོ་བྱས་ཏེ་ཞུས་ན། ཕོ་མོའི་ལུས་འབྲེལ་དང་ཆགས་སྲེད་རིགས་མ་བཤད་པར་ཡོང་ཐབས་ཡོད་པ་མ་རེད། ཚིག་སྦྱོར་སྤེལ་སྟངས་དང་མིང་འདོག་སྟངས་མ་འདྲ་བ་རེད་མ་གཏོགས། གསང་སྔགས་ནང་དུ་འདོད་ཆགས་སྤྱོད་པ་དང་། འཁྲིག་སྤྱོད་སོགས་འདོད་པའི་བསྟན་བཅོས་ཆ་ཚང་བ་ཞིག་བསྟན་ཡོད་པ་རེད། ད་དུང་ཧ་ཅང་གཏིང་ཟབ་མོ་ཞེ་དྲགས་གསུངས་ཡོད་པ་རེད། ཆགས་སྲེད་འབར་དུ་འཇུག་པ་དང་། མཐའ་ན་མཚན་མ་ལ་བཟོ་ལྟ་བཟོ་སྟངས། འཇིབ་ལྡག་བྱེད་སྟངས་ཚུན་ཆད་ཡོད་པ་རེད། དེང་སྐབས་འཁྲིག་སྤྱོད་སྐོར་གྱི་དེབ་དང་གློག་བརྙན་འདྲ་མིན་ཡོད་ནའང་། བོད་པའི་གསང་སྔགས་ནང་གི་ལུས་སེམས་གཉིས་ཀྱི་བདེ་བ་མྱོང་སྟངས་དེ་ལྟ་བུའི་གཏིང་ཟབ་མོ་ཞིག་ཧ་ལམ་ཡོད་པ་མ་རེད་བསམ་གྱི་འདུག
དཔེར་ན། གཏུམ་མོ་ལ་རང་ལུས་ལ་བརྟེན་པའི་གཏུམ་མོ་དང་གཞན་ལུས་ལ་བརྟེན་པའི་གཏུམ་མོ་རིགས་གཉིས་ཡོད་པ་ལས། རང་ལུས་ལ་བརྟེན་པའི་གཏུམ་མོ་ལ་དམིགས་པ་བསྒོམས་ཏེ་གཏུམ་མོའི་དྲོད་སྐྱེད་སྟངས་ཤིག་དང་། སོ་སོའི་ལག་པས་གསང་གནས་འཕུར་མཉེད་བྱས་ཏེ་གཏུམ་མོའི་དྲོད་སྐྱེད་སྟངས་ཤིག་ཡོད་པ་རེད། གཞན་ལུས་ལ་བརྟེན་པའི་གཏུམ་མོ་དེ་རིག་མ་བསྟེན་པ་སོགས་རེད། རིག་མ་བསྟེན་སྐབས་ཐོག་མ་བུད་མེད་དེ་དང་ཁྱེད་གཉིས་ཀྱི་འབྱུང་ཁམས་མཐུན་མིན་དང་། གསང་གནས་ཆེ་ཆུང་འགྲིག་མིན། དེ་བཞིན། བུད་མེད་རིགས་གང་གི་ཁོངས་སུ་གཏོགས་པ། དེའི་གསང་གནས་ཀྱི་ཟབ་ཚད་དང་། བདེ་བ་འཕེལ་བའི་གནད་རྩ་གང་དུ་ཡོད་པ་སོགས་ལ་བརྟག་དགོས་པ་རེད། དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་ཆོས་ནང་ཁོ་རང་གིས་དངོས་སུ་མྱངས་པའི་ཉམས་མྱོང་དང་རྒྱ་གར་གྱི་འདོད་པའི་བསྟན་ཆོས་ཀྱི་གཞུང་དེ་འདྲ་བཀོད་ཡོད་གསུང་གི་ཡོད་པ་རེད་དེ། མདོ་བསྡུས་ན། དགེ་འདུན་ཆོས་འཕེལ་དང་འཇུ་མི་ཕམ་སོགས་ཀྱི་འདོད་པའི་བསྟན་ཆོས་དེ་དག་ཀྱང་སྔགས་ཀྱི་ནང་གི་ཆ་ཤས་ཙམ་རེད།
དྲི་བ། དོན་འགྲུབ་བཀྲ་ཤིས། ཁྱེད་རང་ལ་མཚོན་ན། རྩ་རླུང་འཕྲུལ་འཁོར་དང་སྔགས་ཉམས་ལེན་གྱི་གནས་ཚད་ག་འདྲ་ཞིག་ལ་བསླེབས་ཡོད་དམ།
ལན། སྤྲུལ་སྐུ་བློ་བཟང་། ང་རང་ཚད་དང་ནུས་པ་གང་ལའང་བསླེབས་ཡོད་པ་མ་རེད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་རེད། ང་རང་ཆུང་དུས་ནས་ལུས་རྩལ་ལ་དགའ་བ་དང་། རིམ་གྱིས་ནང་པའི་གཞུང་ལ་སློབ་སྦྱོང་ཏོག་ཙམ་རེ་བྱས་པ་དང་མཉམ་དུ་རྩ་རླུང་འཕྲུལ་འཁོར་ཏོག་ཙམ་རེ་སྦྱངས་བ་རེད་མ་གཏོགས་རྩ་རླུང་སྒོམ་སྒྲུབ་ཀྱི་རྟོགས་པ་གང་ཡང་ཡོད་པ་མ་རེད། ཡིན་ནའང་འཕྲུལ་འཁོར་གྱི་ཐོག་ནས་ངས་གོང་དུ་ཞུས་པ་ལྟར། མིའི་གཟུགས་པོའི་འཕྲོད་བསྟེན་ཐོག་ལ་ནུས་པ་གང་ལ་གང་འཚམ་འཐོན་པ་ཞིག་དང་། སློབ་མ་དེ་ཚོར་སློབ་ཁྲིད་བྱེད་སྐབས་གཞུང་ལུགས་དང་སོ་སོའི་ཉམས་མྱོང་གང་ཐད་ནས་ཏོག་ཙམ་བཤད་ཐུབ་པ་ཞིག་པ་རེད། དེས་གང་ལ་གང་འཚམ་མི་གཞན་ལ་ཕན་ཐོགས་ཀྱི་ཡོད་པ་ཞིག་ཏན་ཏན་རེད་བསམ་གྱི་ཡོད།
ངས་དེ་རིང་ཁྱེད་ལ་བཤད་པ་འདི་དག་རགས་བཤད་དང་། སྤྱིར་བཏང་གི་ཁ་བརྡ་གནས་སྐབས་སེམས་ལ་གང་དྲན་པ་དེ་རེད། རྩ་བའི་ཆ་ནས་གསང་སྔགས་ཉམས་སུ་བླངས་ཏེ་རྟོགས་པ་དང་ནུས་པ་ཚད་མཐོན་པོར་བསླེབ་རྒྱུ་དེ་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། ཕོ་མོའི་སྦྱོར་བའི་རིགས་འདི་དག་ཀྱང་སྔགས་ཀྱི་ནང་གི་ཆ་ཤས་ཙམ་ཞིག་རེད། གསང་སྔགས་དེ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་རྩ་རླུང་འཕྲུལ་འཁོར་རྩེད་དེ་གཏུམ་མོའི་དྲོད་ཙམ་སྐྱེད་རྒྱུ་དེ་དཀའ་ལས་ཁག་པོ་གང་ཡང་མ་རེད། དགེ་རྒན་ཡག་པོ་ཞིག་བསྟེན་པ་ཡིན་ན་ཧ་ལམ་བདུན་ཕྲག་གཅིག་གཉིས་ནང་གྲུབ་འབྲས་འཐོན་ཐུབ་པ་ཞིག་རེད། ང་ཚོའི་སངས་རྒྱས་པའི་ཆོས་འདི་དེ་འདྲའི་ཡ་མཚན་ཞིག་ཡོད་པ་རེད། སངས་རྒྱས་ཀྱིས་ངའི་གསང་སྔགས་ཀྱི་ཆོས་འདི་བློ་གཅིག་སེམས་གཅིག་གིས་ཉི་མ་གཅིག་ལ་ཉམས་སུ་བླངས་ཀྱང་གྲུབ་འབྲས་ཏོག་ཙམ་མ་འཐོན་ན་ངས་བཤད་པ་ཐམས་ཅད་རྫུན་ཡིན་གསུངས་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་རང་རེད།
མཚན་པ་དང་པོ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་གི་ལས་དོན་དང་ལོ་རྒྱུས་སྐོར་ཚེས་ ༦ ཉིན་སྤེལ་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
གསལ་བཤད།
༡) གུག་རྟགས་ནང་གི་ཡི་གེ་རྣམས་གསར་འགོད་པའི་མཆན་ཡིན།