བཙན་བྱོལ་བོད་མིའི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་མིན་ཐད་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་དང་འཛིན་སྐྱོང་བཀའ་ཤག་གཉིས་དགོངས་ཚུལ་མ་མཐུན་པར་བརྟེན་བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཐོན་སོང་།
དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ལྔ་པའི་སྔ་དྲོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ཆེད་འཛུགས་གནང་བའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ནས་ཚོགས་ཆུང་གི་ལས་བསྡོམས་དང་། གྲུབ་དོན་སྙན་ཐོ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་བཅས་སྙན་སྒྲོན་ཞུས་སོང་བ་དང་། སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་བཀའ་ཤག་དང་འོས་བསྡུ་ལས་ཁང་གཉིས་གོ་བསྡུར་གྱིས་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར། འོས་བསྡུ་ཐེངས་གཅིག་གིས་འགྲིག་པའི་ཁྲིམས་འཆར་ཕུལ་ཡོད་ཀྱང་། ཚོགས་ཆུང་གི་འཆར་ཟིན་ནང་འོས་ཐེངས་གཉིས་བླུགས་རྒྱུ་བཟོས་ཚར་ཡོད་སྐོར་གསུངས་ཏེ་དགག་པ་བརྒྱབ་སོང་བ་དང་། འཆར་ཟིན་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཚོགས་ཆུང་ནང་མང་མོས་ཀྱི་ཐོག་ནས་དགོངས་འཆར་དེ་འཁུར་ཡོང་བ་ཡིན་སྐོར་གསལ་བཤད་གནང་རྗེས། སྲིད་སྐྱོང་མཆོག་ནས་བསྐྱར་དུ་དགོངས་ཚུལ་གསུང་རྩིས་གནང་ཡང་གོ་སྐབས་མེད་པར་བརྟེན། ང་ཚོས་གྲོས་ཚོགས་ནང་ཆ་ཤས་ལེན་གྱི་མིན་ཞེས་གསུངས་ཏེ་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་བཅས་བཀའ་བློན་ཚང་མ་གྲོས་ཚོགས་ནས་ཕྱིར་ཐོན་སོང་།
སྙན་ཐོ་དང་འབྲེལ་བའི་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་ཀྱི་བགྲོ་གླེང་དགོས་མིན་ཐད་ལག་པ་འཇོག་སྐབས། སྤྱི་འཐུས་གཉིས་ཀྱིས་བགྲོ་གླེང་ནང་ཚུད་པར་དགག་པ་བརྒྱབ་པ་དང་། སྤྱིི་འཐུས་ ༣༣ ཡི་རྒྱབ་སྐྱོར་ཐོབ་སྟེ་སྤྱི་ཡོངས་ནས་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་བཞིན་འདུག་ལ། སྤྱི་འཐུས་ཁག་ཅིག་ནས་འཛིན་སྐྱོང་བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཐོན་ཕེབས་པར་བློ་ཕམ་དང་། གྲོས་ཚོགས་ལ་གནོན་ཤུགས་སྤྲོད་པ་ཞིག་ཡིན་སྐོར་བརྗོད་སོང་ལ། ཡང་སྤྱི་འཐུས་ཞིག་གིས་དམངས་གཙོ་ཡིན་པས་བཀའ་ཤག་ལྷན་རྒྱས་གྲོས་ཚོགས་ནས་ཕྱིར་ཐོན་པའི་ཐོབ་ཐང་ཡོད་སྐོར་དང་། སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ནང་བཀའ་ཤག་ནས་ཆ་ཤས་ལེན་པའི་རེ་བ་ཞུ་ཡི་ཡོད་སྐོར་སོགས་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།