བདུན་ཕྲག་སྔོན་མའི་ནང་ཨུ་རུ་སུའི་རྒྱལ་སར་མི་མང་གིས་སྲིད་གཞུང་གི་ལས་དོན་བྱེད་ཕྱོགས་དང་ལྐོག་ཟ་རུལ་སུངས་སོགས་ལ་ངོ་རྒོལ་ཤུགས་ཆེན་བྱས་པའི་གནས་ཚུལ་སི་ཨན་ཨན་གསར་ཁང་གིས་སྤེལ་བ་བསྡུ་སྒྲིག་བྱས།
བདུན་ཕྲག་སྔོན་མའི་གཟའ་མཇུག་ལ་ཨུ་རུ་སུའི་མི་མང་པོ་གཞུང་ལམ་སྟེང་ཐོན་ཏེ་ངོ་རྒོལ་བྱས་ཡོད། ངོ་རྒོལ་དེས་ཐད་ཀར་སྲིད་འཛིན་པུ་ཊིན་(Putin)ལ་ངོ་རྒོལ་བྱས་པ་མིན་ཡང་། སྲིད་འཛིན་པུ་ཊིན་གྱིས་ངོ་རྒོལ་དེས་རྣམ་འགྱུར་གསལ་བོར་རྟོགས་ཡོད། དེ་ནི་ཨུ་རུ་སུའི་རྒྱལ་སར་མི་ཕོན་ཆེན་པོ་འཛོམས་ཏེ་ངོ་རྒོལ་བྱས་པ་དེ་ལོ་ངོ་མང་པོའི་རྗེས་སུ་ཐེངས་དང་པོར་བྱུང་བ་རེད།
ངོ་རྒོལ་དེ་ལྐོག་ཟ་རུལ་སུངས་ལ་རྒོལ་བ་ཞིག་ཡིན་སྟབས། རྒྱལ་ཁབ་ཀྱི་ཕྱོགས་གང་ས་ནས་མི་མང་པོ་མཉམ་ཞུགས་བྱས་ཡོད། ཨུ་རུ་སུའི་ནང་སྲིད་བློན་ཆེན་གྱིས་གལ་སྲིད་གཞུང་གི་ཆོག་མཆན་མེད་པར་མུ་མཐུད་ངོ་རྒོལ་བྱས་ན། རྒྱལ་ཁབ་ཀྱིས་དམག་མིའི་ནུས་སྟོབས་བཀོལ་དེ་གདོང་ལེན་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད། འོན་ཀྱང་། ཉེན་བརྡ་དེས་ཁོང་ཁྲོ་མེ་ལྟར་སྦར་བཞིན་པའི་གཞོན་སྐྱེས་ཚོར་ཤུགས་རྐྱེན་གང་ཡང་ཐེབས་མེད། ཁོང་ཚོ་དེ་ལྟར་ཁོང་ཁྲོ་ལང་དོན་ནི། དེང་སྐབས་ཨུ་རུ་སུའི་གཞུང་ནང་དགའ་ཉེ་ཕྱོགས་ལྷུང་དང་ལས་དོན་འཐུས་ཤོར། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་སྣང་མེད་གཏོང་བ་སོགས་ཀྱི་གནས་སྟངས་ཛ་དྲག་ཆགས་པས་རེད།
སྤྱིར་བཏང་ངོ་རྒོལ་བའི་དམིགས་འབེན་གཙོ་བོ་གཞུང་གི་ལས་ཁུངས་ཁག་ཏུ་མི་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་མེད་དེ་ཡིན་པ་ལས་སྲིད་འཛིན་པུ་ཊིན་ལ་ཐད་ཀར་འབྲེལ་བ་མེད་ཀྱང་། གཞོན་སྐྱེས་རྣམས་ཁོང་ཁྲོ་ཆེན་པོ་ལང་ཡོད་སྟབས་ཁོང་ཚོའི་ངོ་རྒོལ་འདིས་ཨུ་རུ་སུའི་ལྐོག་ཟ་རུལ་སུངས་ལ་ཤུགས་རྐྱེན་ཐེབས་སྲིད་དམ།
དབུལ་ཕོངས་ཀྱི་འཚོ་བར་ཡིད་ཐང་ཆད།
ཨུ་རུ་སུའི་རྒྱལ་ས་མཱོ་སི་ཀཱོ་(Moscow)ལ་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་པ་མ་ཟད། སྐོར་སྲུང་བས་ཉུང་མཐར་མི་ ༥༠༠ ལྷག་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད། ངོ་རྒོལ་གོམ་བགྲོད་དེར་སྣེ་ཁྲིད་བྱེད་མཁན་ནི། ཁ་གཏད་ཚོགས་པའི་སྐུ་ཞབས་ཨ་ལཱེཀ་སི་ན་ཝལ་ནཱི་(Alexey Navalny)ལགས་ཡིན་པ་དང་། གཞུང་གིས་ཁོ་བོར་ངོ་རྒོལ་གོམ་བགྲོད་དེ་ཁྲིམས་འགལ་ཡིན་སྐོར་ཉེན་བརྡ་བཏང་ཡོད། ངོ་རྒོལ་ཁྲོད་གཞོན་སྐྱེས་དངོས་ཁམས་རིག་པ་བ་སཱར་གྷེ་པྲ་ཝཱོ་(Sergey Pravov)ལགས་སྐོར་སྲུང་བས་འཛིན་བཟུང་བྱས་ཡོད། ཁོས་ “ང་ཚོས་རྒྱལ་གླུ་ལེན་རྒྱུ་མགོ་བརྩམས་པ་ཡིན། ང་ཚོ་སྐོར་སྲུང་བས་འཛིན་བཟུང་བྱས་ཏེ་སྣུམ་འཁོར་ནང་ཕུད་རྒྱག་གཏོང་སྐབས། ང་ཚོས་ང་ཚོ་ནི་རང་དབང་གཙང་མའི་རྒྱལ་ཁབ་ཅིག་གི་ཆ་ཤས་ཨ་ཡིན་བསམ་པ་བྱུང་།” ཞེས་བརྗོད་ཡོད། ད་དུང་ཁོས་ཨན་ཨན་གསར་ཁང་ལ་ “གཞུང་ངོས་ནས་ལས་བྱེད་པ་དང་ཁོང་ཚོའི་ཕྲུ་གུ། དེ་བཞིན། གཉེན་མཚན་སོགས་ལ་ཁྲིམས་ཀྱི་གུ་ཡངས་བཏང་སྟེ། གང་འདོད་འདོད་པ་དེར་ང་ཚོ་ཡིད་ཐང་ཆད་སོང་” ཟེར། “ང་ཚོས་དབུལ་ཕོངས་ཀྱི་འཚོ་བ་རོལ་ནས་ཨ་ཐང་ཆད་སོང་། ང་ཚོས་ཡིད་ཆེས་བྱས་ཏེ་མགོ་ཁྲིད་དུ་བསྐོས་པ་རྣམས་ནི་གསེར་གྱི་མཚོ་མོར་རྐྱལ་བཞིན་འདུག” ཅེས་བརྗོད་ཡོད།
ལྐོག་ཟ་རུལ་སུངས་ཀྱི་ལྟེ་གནས།
ཨ་ལཱེཀ་སི་ན་ཝལ་ནཱི་དང་ཁོའི་ཚོགས་པས་གཞུང་ལ་ངོ་རྒོལ་བྱས་སྐབས་སྐྱོན་བརྗོད་བྱེད་ས་གཙོ་བོ་ཞིག་ནི། ལྐོག་ཟ་རུལ་སུངས་དང་ཨུ་རུ་སུའི་སྲིད་བློན་ཌ་མི་ཊིར་མཱི་ཌའེ་དྷིབ་(Dmitri Medvedev)གཉིས་ཡིན་པ་དང་། སྲིད་བློན་ཌ་མི་ཊིར་མཱི་ཌའེ་དྷིབ་ནི་ལྐོག་ཟ་རུལ་སུངས་ཀྱི་རྒྱལ་པོ་རེད་ཅེས་རྗོད་ཀྱི་ཡོད་པ་མ་ཟད། སྲིད་བློན་གྱིས་ཨུ་རུ་སུའི་ས་ཕྱོགས་གང་སར་འཚོ་བ་གྲ་རྒྱས་པོ་སྐྱེལ་བཞིན་པའི་སྐོར་ལ་སྐར་མ་ ༤༩ ཅན་གྱི་བརྙན་ཐུང་ཞིག་བཟོས་ཏེ་བཀྲམས་ཡོད་པ་དེར་(Youtube)ནང་ལྟ་མཁན་ས་ཡ་ ༡༤ ལྷག་བྱུང་ཡོད།
སྲིད་བློན་ལས་ཚབ་ཀྱིས་གཞུང་གི་གསར་ལམ་ཐོག་ “ཨ་ལཱེཀ་སི་ན་ཝལ་ནཱི་ཡིས་ད་ལྟའི་གཞུང་ལ་ངོ་ལོག་བྱེད་བཞིན་པ་དེ་ནི་མ་འོངས་འོས་བསྡུར་དམིགས་པའི་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང་། ཁོ་ནི་ཁྲིམས་ཉེས་ཆད་ཕོག་མཁན་ཞིག་ཡིན་པ་མ་ཟད། གཞུང་ལ་ངོ་ལོག་རྒྱག་མཁན་ཡང་ཡིན་སྟབས་ཁོའི་སྐོར་ལ་སྐད་ཆ་བཤད་ན་སྙིང་པོ་མེད་” ཅེས་བཤད་ཡོད།
གསར་འགོད་པ་མཱིཀ་ཁཱ་ཧལ་ཛེ་གྷར་(Mikhail Zygar)གྱིས་ “ཨུ་རུ་སུའི་གཞོན་སྐྱེས་རང་ལོ་ ༢༥ ལས་ཆུང་བ་རྣམས་ཀྱིས་རང་རྒྱལ་གྱི་ཕྱི་སྲིད་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡིན་ཡང་། རྒྱལ་ནང་གི་ཆབ་སྲིད་སྟངས་འཛིན་དེ་ཧ་ཅང་འཇིགས་སུ་རུང་ཞིག་རེད་དྲན་ཡོད།” ཅེས་རང་གི་ངོ་དེབ་ཐོག་བྲིས་འདུག ད་དུང་ཁོས་གཞོན་སྐྱེས་རྣམས་ཀྱིས་སྲིད་འཛིན་པུ་ཊིན་གྱིས་ཕྱི་རྒྱལ་ཁག་ཏུ་ཕྱག་ལས་གནང་བཞིན་པ་དེར་སྤོབས་པ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། སྲིད་བློན་གྱིས་རྒྱལ་ནང་ལ་བཅོས་བསྒྱུར་གཏོང་ཐུབ་མེད་པ་མ་ཟད། བསྐྱར་གསོ་ཡག་པོ་ཞིག་ཀྱང་བྱེད་མ་ཐུབ་པ་དེར་བློ་ཕམ་ཡོད་ཅེས་འཁོད་ཡོད་འདུག
མི་མང་གིས་སྲིད་བློན་ཌ་མི་ཊིར་མཱི་ཌའེ་དྷིབ་ལ་དཀའ་ངལ་འཕྲད་དུས་གདོང་ལེན་བྱེད་ཐུབ་པའི་ནུས་པ་མི་འདུག་ཅེས་སྐྱོན་རྗོད་བྱེད་ཀྱིན་ཡོད། ལོ་སྔོན་མར་རྒྱལ་ཁབ་ལ་རྐྱེན་ངན་བྱུང་སྐབས་ཁོས་ “གཞུང་ལ་དངུལ་མེད། དེ་ལ་བྱ་ཐབས་མི་འདུག”ཅེས་བརྗོད་དེ་མི་མང་ལ་བློ་ཕམ་ཆེན་པོ་བྱུང་ཡོད།
སྲིད་འཛིན་པུ་ཊིན་གྱི་རྣམ་འགྱུར།
ཐེངས་འདིར་བྱུང་བའི་ངོ་རྒོལ་དེས་གལ་སྲིད་གཞུང་ལ་གནོན་ཤུགས་དང་བསྒྱུར་བཅོས་ཀྱི་རྣམ་པ་གང་ཡང་གཏོང་ཐུབ་མེད་ཀྱང་གང་ཟག་ཅིག་ལ་ཕོག་ཐུག་ཆེན་པོ་གཏོང་ཐུབ་ཡོད། སྲིད་འཛིན་པུ་ཊིན་གྱི་སྐུ་ཚབ་པ་དྷི་མཱི་ཝ་པེཥ་ཀོཕ་(Dmitri Peskov)ཡིས། ཁུངས་ལུང་གང་ཡང་མེད་པར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གཞོན་སྐྱེས་དེ་དག་ལ་ངོ་རྒོལ་ཚོགས་པས་ལྐོག་དངུལ་སྤྲད་དེ་ངོ་རྒོལ་ནང་མཉམ་ཞུགས་བྱེད་བཅུག་སྟེ་ཁོང་ཚོའི་མི་ཚེ་ཉེན་ཁར་ཁྲིད་ཡོད།”ཅེས་བརྗོད་ཡོད།
ཨུ་རུ་སུའི་ནང་སྲིད་བློན་ཆེན་གྱིས་ “ གལ་སྲིད་མ་འོངས་པར་དེ་འདྲའི་ངོ་རྒོལ་བྱུང་ཚེ་དམག་མིའི་མཚོན་ཆ་ཇེ་མང་དུ་བཏང་སྟེ་འགོག་གནོན་བྱ་རྒྱུ་ཡིན།”ཞེས་ཉེན་བརྡ་བཏང་འདུག འོན་ཀྱང་། ཨུ་རུ་སུའི་ཆབ་སྲིད་པ་རྣམས་ཀྱིས་ངོ་རྒོལ་དེ་ཞི་འགྲིག་ཡོང་ཐབས་འཚོལ་གྱི་ཡོད། བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་གྲོས་ཚོགས་གོང་མའི་སྐུ་ཚབ་ལྕམ་ཝ་ལེན་ཌི་ནཱ་(Valentina)ལགས་ཀྱིས་གཞུང་གི་སྐུ་ཚབ་རྣམས་ངེས་པར་དུ་ངོ་རྒོལ་པ་ཚོར་ཐུག་འཕྲད་བྱས་ཏེ་ཁོང་ཚོའི་མངོན་འདོད་ཤེས་རྟོགས་བྱེད་དགོས།”ཞེས་བརྗོད་ཡོད། ཁོ་མོས་ད་དུང་ “གཞུང་གིས་གནས་ཚུལ་གང་ཡང་མ་བྱུང་བ་ལྟར་སྣང་མེད་དུ་འཇོག་མི་ཉན།”ཞེས་ཟེར།
གཞུང་གི་གསར་ལམ་མེད་ཀྱང་འདམ་ག་ཡོད།
ངོ་རྒོལ་སྣེ་ཁྲིད་པ་ཨ་ལཱེཀ་སི་ན་ཝལ་ནཱི་ཡིས། ངོ་རྒོལ་དེར་གཞུང་གི་གསར་ལམ་ཁག་གིས་དོ་སྣང་མ་བྱས་ཀྱང་། རང་དབང་ལྡན་པའི་སྒེར་གྱི་དྲ་རྒྱ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་གིས་དང་བླངས་ཐོག་གནས་ཚུལ་བརྒྱུད་འགོད་བྱས་ཏེ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་འདུག མཱི་དྷུ་ཛ་(Meduza)ཞེས་པའི་དྲ་རྒྱས་ “དེ་རིང་གི་ཨུ་རུ་སུ་ངོ་མ།”ཞེས་པའི་དམིགས་བསལ་ལེ་ཚན་ཟུར་དུ་བཟོས་ཏེ་མི་མང་པོས་དོ་སྣང་དང་ངང་སྒུག་བྱེད་བཞིན་ཡོད།
བསམ་ཤོག་གཞིར་བཟུང་བྱས་ན། མི་མང་གིས་ལྐོག་ཟ་རུལ་སུངས་ནི་བཟོད་བསྲན་བྱེད་ཐུབ་མེད་པར་རྩི་བཞིན་པ་ཤེས་ཐུབ་པ་དང་། ཉེ་ལམ་བསྐྱར་དུ་ཞིབ་འཇུག་བྱས་ཏེ་མི་མང་རྒྱ་ཆ་ ༦༥ ཡིས་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མི་མང་ཁ་ཤས་ཀྱིས་སྲིད་འཛིན་པུ་ཊིན་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཀྱང་། པུ་ཊིན་གྱིས་གཞུང་བཟུང་བའི་ཚུན་ལ་ལྐོག་ཟ་རུལ་སུངས་ཀྱི་རྒྱ་ཆ་ ༡༧ མ་གཏོགས་འཕར་མེད་ཀྱང་། དེ་ནི་འདས་པའི་ལོ་ལྔའི་ནང་གི་ལྐོག་ཟ་རུལ་སུངས་ཀྱི་བརྒྱ་ཆ་མཐོ་ཤོས་དེ་ཆགས་ཡོད་སྟབས། མི་མང་རྒྱ་ཆ་ ༤༥ ཡིས་སྲིད་འཛིན་པུ་ཊིན་གྱིས་ལྐོག་ཟ་རུལ་སུངས་འགོག་ཐུབ་མེད་པར་ངོས་འཛིན་བྱེད་ཀྱིན་ཡོད།
གཞོན་སྐྱེས་ས་ཁམས་རིག་པ་སྨྲ་མཁན་པྲཱ་ཝོཕ་(Pravov)་ཡིས་ངོ་རྒོལ་ལ་མཉམ་ཞུགས་བྱས་ན་རང་གི་མ་འོངས་པའི་མདུན་ལམ་ལ་བར་ཆད་འབྱུང་བའི་རྐྱེན་དུ་འགྱུར་སྲིད་སྟབས། ངོ་རྒོལ་བར་སྐུལ་སློང་བྱས་མེད་ལ་ངོ་རྒོལ་བར་དགག་པའང་བརྒྱབ་མེད་ཟེར། འོན་ཀྱང་། ཁོས་ད་ལྟའི་ཨུ་རུ་སུའི་རྒྱལ་ཁབ་ནི་སྔར་གྱི་སཱོ་ཝེཌ་སྤྱི་མཐུན་རྒྱལ་ཁབ་(Soviet Union)དང་མི་འདྲ་སྟབས། ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས་ད་ལྟའི་ཨུ་རུ་སུ་འདི་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཟེར། ཁོས་མཐའ་མ་དེར། ཨུ་རུ་སུའི་གཞོན་སྐྱེས་ཚོས་“མ་འོངས་པར་འགྱུར་བ་ཞིག་མཐོང་འདོད་ཡོད། ད་ལྟའི་གནས་སྟངས་དང་མ་འདྲ་བ་ཞིག་གི་འོག་ཏུ་འཚོ་བ་སྐྱེལ་འདོད་ཡོད།” ཅེས་ཟེར།