རང་ལུས་མེར་བསྲེཊ་གནང་མཁན་ཁོང་འདས་གྲོངས་སུ་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་བོད་ཨ་མདོ་འབོ་ར་ནས་བོད་མི་གཞོན་སྐྱེས་ཕྱག་རྡོར་སྐྱབས་ཞུ་བ་ཞིག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཁ་གསལ་འབྱོར།

ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་(སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་།)

དེ་རིང་རྒྱ་གར་ནང་སྡོད་པའི་འབྲེལ་ཡོད་མི་སྣ་མིང་བརྗོད་འདོད་མེད་པ་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༢ ཉིན་ཨ་མདོ་འབོ་ར་ནས་རང་ལུས་མེར་བསྲེགས་གནང་མཁན་ཕྱག་རྡོར་སྐྱབས་ལགས་ད་ལྟ་རང་ལོ་ ༡༦ ཡིན་པ་དང་། ཁོང་གི་ཕ་མིང་ལ་བཟོད་པ་དང་མ་མིང་ལ་ལ་སྒྲོལ་མ་འཚོ་ཞུ་བཞིན་ཡོད་འདུག

ཕྱག་རྡོར་སྐྱབས་ལགས་འབོ་ར་སློབ་འབྲིང་གི་སློབ་མ་ཡིན་པ་དང་། ཉིན་དེར་ཁོང་གི་ཨ་ཕས་ཕྱག་རྡོར་སྐྱབས་རང་ཡུལ་བརྡར་མདོ་སྡེ་བ་ནས་འབོ་ར་སློབ་འབྲིང་དུ་བསྐྱལ་ཡོད་པ་དང་། ཨ་ཕ་ཕྱིར་ལོག་ནས་སྐར་མ་ཉི་ཤུ་ལྷག་ཙམ་རྗེས་ཕྱག་རྡོར་སྐྱབས་འབོ་ར་དགོན་པར་ཕྱིན་ཏེ་མཆོད་མཇལ་བྱས་ཤིང་། དགོན་པའི་འདུ་ཁང་ལ་སྐོར་བ་ཁ་ཤས་བརྒྱབ་པའི་རྗེས་ལ་དགོན་པའི་གླིང་བར་དུ་ཕྱིན་ཏེ་རང་ལུས་མེ་བསྲེགས་གནང་ཡོད་འདུག

མེ་ལྕེ་ཤུགས་ཆེན་མཆེད་ཀྱིན་པའི་སྐབས་ལ་ཁོང་གིས་ “རྒྱལ་དབང་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བསྟན་པར་ཤོག བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་སུ་འཇུག་དགོས།” ཞེས་སོགས་ཀྱི་སྐད་འབོད་གནང་སྟེ་ལང་མ་འགྱེལ་གྱི་མཚམས་ཤིག་ལ་སླར་ཡང་ “ལྷ་རྒྱལ་ལོ།” ཞེས་ཐེངས་གཉིས་ལ་འཐེན་བཞིན་པའི་སྐབས་ལ། རྒྱ་ནག་གཞུང་གི་དམག་མི་དང་ཉེན་རྟོགས་པ་འབྱོར་ཏེ་མེ་བསད་ནས་བཙན་ཁྱེར་བྱས་ཡོད་འདུག

སྐབས་དེར་ཁོང་གི་དབུགས་ཆད་མེད་པར་ཐད་ཀར་ཀན་ལྷོ་ཁུལ་ཐོག་ཏུ་ཁྱེར་ཡོད་པ་དང་། དེའི་རྗེས་སུ་དབུགས་ཆད་ཡོད་སྟབས་བླ་བྲང་ལ་ཁྱེར་ནས་སྐུ་ཕུང་མེར་བསྲེགས་བཏང་འདུག་ཀྱང་འདས་པོའི་རུས་ཐལ་ད་ལྟ་ད་དུང་ནང་མིར་སྤྲད་མི་འདུག

རྒྱ་གཞུང་ཉེན་རྟོག་པས་ཉིན་དེར་ཕྱག་རྡོར་སྐྱབས་ལགས་ཀྱི་ཕ་མ་གཉིས་དང་སྲིང་མོ་བཅས་གསུམ་འཛིན་བཟུང་བྱས་ཏེ་ཕྱིར་བཏང་ཡོད་འདུག་ཀྱང་། སྲིང་མོ་ཉིན་དེ་ནས་བཟུང་ཁམས་མ་དྭངས་པར་ཉལ་སར་ལྷག་ཡོད་འདུག ཁོང་ཚང་ལ་རླངས་འཁོར་ཞིག་དང་འཕྲུལ་རྟ་ཞིག་ཡོད་པའང་ཉེན་རྟོག་པས་བཙན་འཕྲོག་བྱས་ཡོད་འདུག་པ་མ་ཟད། ཕ་མ་གཉིས་རྗེས་ལ་བསྐྱར་དུ་འཛིན་བཟུང་བྱས་ཏེ་ད་དུང་ཡང་ཀློད་གྲོལ་བཏང་མི་འདུག

གཞན། འབོ་ར་ནས་ཡིན་པའི་ཁོང་གི་སློབ་གྲོགས་ཤིག་ཀྱང་འཛིན་བཟུང་བྱས་ཡོད་འདུག་ཀྱང་དེའི་སྐོར་གྱི་གནས་ཚུལ་རྗེས་ལ་གསལ་བོ་རེག་མི་འདུག རྒྱ་ནག་གཞུང་གིས་ཁོང་ཚང་ལ་དགེ་འདུན་པ་ཚོ་འདས་མཆོད་སྒྲུབ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་གནས་ཚུལ་རེག་ཐབས་བྱེད་བཞིན་ཡོད་ཀྱང་། དེང་སྐབས་རྒྱ་ནག་གཞུང་གིས་འབོ་ར་ས་ཁུལ་དེ་ཀན་ལྷོ་ཁུལ་འོག་གི་དམིངས་བསལ་ས་ཁུལ་ཞིག་ཏུ་ངོས་འཛིན་བྱས་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེ་སྔ་འབོ་ར་དགོན་པའི་དགེ་འདུན་པ་འགའ་འཛིན་བཟུང་གིས་ཁྲིམས་ཐག་བཅད་ཡོད་ཀྱང་། དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ད་དུང་རག་ཐུབ་མེད་སྐོར་སོགས་བརྗོད་བྱུང་།

ཕྱག་རྡོར་སྐྱབས་ལགས་ཀྱི་ཕ་ཡུལ་འབོ་རའི་བརྡར་མདོ་སྡེ་བ།

ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ཆོལ་ཁ་གསུམ་ནང་། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་སྐྱ་སེར་མང་པོ་ཞིག་བྱུང་ཡོད་པ་དང་། རྒྱ་གཞུང་གི་དམ་དྲག་འོག་གནས་ཚུལ་ཁ་ཤས་ཕྱི་ལོགས་སུ་ཁྱབ་ཐུབ་མེད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོ་ལྟར་ན་ཐེངས་འདིའི་ཕྱག་རྡོར་སྐྱབས་ལགས་ནི་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ ༡༤༨ དེ་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༡༩

Leave a Reply

One thought on “རང་ལུས་མེར་བསྲེཊ་གནང་མཁན་ཁོང་འདས་གྲོངས་སུ་ཕྱིན་ཡོད་འདུག

  1. ཐོས་པ་དགའ།

    རྒྱལ་གཅེས་དཔའ་བོ་ཕྱག་རྡོར་སྐྱབས་ལགས་ཀྱིས་བོད་མི་ས་ཡ་དྲུག་གི་བདེ་བ་དང་སྡུག་བསྔལ་ལ་གཟིགས་ནས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་བློས་བཏང་ནས། རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལ་ངོ་བརྒོལ་གྱིས། འདས་གྲོངས་སུ་གྱུར་པར། མྱ་ངན་གུས་འདུད་དང་། ཁྱེད་དང་ཁྱེད་ལྟ་བུའི་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་འགྲུབ་པའི་རེ་སྨོན་???ཤུགས་དྲག་ཡོད། བོད་རྒྱལ་ལོ། ✊?✊?✊?