དྷ་རམ་ས་ལར་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གི་གཟིགས་ཚོར།

ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་དེ་གྲོས་ཚོགས་འཐུས་མི་བརྒྱད་བལ་ཡུལ་དང་རྒྱ་གར་དྷ་རམ་ས་ལ་སོགས་སུ་ཕེབས་པའི་སྐོར་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ནང་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། འཐུས་མི་རེ་རེ་ནས་གཏམ་བཤད་གནང་བའི་ཁོངས་ནས་གཤམ་དུ་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ལགས་དང་། ལྕམ་སྐུ་ཇུ་ཌི་མའེ་ཅུ། ལྕམ་སྐུ་ཇོ་སི་བྷི་ཊི། ལྕམ་སྐུ་ཕི་ར་མི་ལ་ཇ་ཡ་པཱལ་བཅས་གཏམ་བཤད་བོད་སྒྱུར་བྱས།

གྲོས་ཚོགས་འོག་མའི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་(Betty McCollum)ལགས་ཀྱི་གཏམ་བཤད།

སྐུ་ཞབས་ཇིམ་དང་ལྕམ་སྐུ་ཞབས་ནེན་སི་ལགས་ཀྱིས་ང་རང་ཁོང་ཚོའི་མཉམ་དུ་ཕྱོགས་སྐྱོད་དུ་ཁྲིད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་སྐྱོད་དེ་ནི་དམིགས་བསལ་བ་ཞིག་ཡིན། ང་ཚོའི་འགྲོ་རོགས་ཚོས་གོང་དུ་བཤད་པ་ལྟར་རེད། སྐབས་དེར་ང་ཚོ་༸གོང་ས་ཏཱ་ལའི་བླ་མཆོག་དང་མཇལ་འཕྲད་བྱེད་རྒྱུ་བྱུང་བ་ནི་གཟི་བརྗིད་ཅིག་རེད། ཁོང་ནི་འཛམ་གླིང་གི་ཕྱོགས་གང་སར་བྱམས་བརྩེ་ཁྱབ་སྤེལ་གནང་མཁན་གྱི་སྐྱེས་བུ་དམ་པ་ཡིད་དབང་འཕྲོག་པ་ཞིག་རེད།

ངས་ཕྱོགས་སྐྱོད་དེ་ནས་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་མི་མང་གི་དགའ་བསུའི་འཚམས་འདྲི་ཁྱོད་རྣམ་པར་(ཨ་རིའི་མི་མང་ལ)ཁྱེར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་བོད་དོན་ཐད་སེམས་ཁྲལ་ཡོད་སྟབས། ང་ཚོས་ངེས་པར་དུ་༸གོང་ས་མཆོག་དང་བོད་མིའི་གནད་དོན་ལ་རྒྱབ་སྐྱོར་བྱེད་དགོས་ལ། རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་གནོན་བྱེད་བཞིན་པ་དེ་དག་སེལ་ཐབས་དང་། བོད་མིའི་སྐད་ཡིག་རིག་གཞུང་གི་རྩ་དོན་སྲུང་སྐྱོབ་ཡོང་བར་རོགས་སྐྱོར་བྱེད་དགོས་པ་མ་ཟད། ང་ཚོས་ངེས་པར་དུ་རྒྱ་ནག་གིས་བོད་མིར་དྲག་སྤྱོད་བྱེད་བཞིན་པ་དེའི་སྐོར་གླེང་སློང་བྱེད་དགོས། གོང་དུ་ངའི་འགྲོ་རོགས་ཚོས་བཤད་པ་ལྟར། རྒྱ་གཞུང་གིས་གནོན་ཤུགས་ཇི་ཙམ་སྤྲད་ཀྱང་ང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱེད་མི་རུང་།

༢༠༡༥ ལོའི་ཟླ་ ༡༡ པར་ང་ཚོ་སྐོར་ཞིག་བོད་ནང་ལྟ་སྐོར་དུ་ཕྱིན་པ་ཡིན། སྐབས་དེར་ང་ཚོས་གྲྭ་པ་དང་དགོན་པའི་ཉེ་འཁོར་གྱི་གྲོང་པ་ཁག་གི་བོད་མི་ཚོར་ཐུག་འཕྲད་བྱས་སྐབས་ཁོང་ཚོས་ང་ཚོར་འཛེམ་ཟོན་བྱས་ཏེ་སྐད་ཆ་ཡག་པོ་ཞིག་བཤད་ཐུབ་མ་སོང་། གང་ཡིན་ཟེར་ན། རྒྱ་ནག་གིས་ཁོང་ཚོར་ནན་པོ་བྱས་ནས་སྐད་ཆ་གང་བཤད་ཀྱི་ཡོད་མེད་ལྟ་སྡོད་ཡོད་སྟབས་ཁོང་ཚོར་ཉེན་ཁ་ཡོད་པ་རེད།

ང་ཚོས་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་མི་བཙན་བྱོལ་བ་ཚོ་དང་ཐུག་འཕྲད་བྱས་སྐབས། ཁོང་ཚོ་ནི་བསམ་བློ་གུ་ཡངས་པོ་དང་ཞི་འཇགས་ལྡན་ལ། ཁོང་ཚོས་རང་ཉིད་སུ་ཡིན་པར་དགའ་སྤོབས་བྱེད་ཀྱི་འདུག་པ་མ་ཟད། གཞན་ལ་རང་ཉིད་སུ་ཡིན་པ་ངོ་སྤྲོད་བྱེད་པར་འཇིགས་སྣང་མེད་པ་མཐོང་སོང་།

༸གོང་ས་མཆོག་དང་བོད་མིས་ཤར་སྐྱོད་བྱེད་བཞིན་པའི་དབུ་མའི་ལམ་ནས་ཀྱང་རྒྱ་གཞུང་གིས་རྒྱ་བོད་ཀྱི་གྲོས་མོལ་མུ་མཐུད་དེ་བྱེད་པའི་ལམ་ཞིག་མ་རྙེད་པ་ནི་དངོས་གནས་ཡིད་སེམས་སྐྱོ་བའི་གནས་ཤིག་རེད། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་རིག་གཞུང་དང་བཅས་པ་བརྟན་བརླིང་དང་དེ་དག་ཉམས་ལེན་ཡག་པོ་བྱེད་ཐུབ་ཀྱི་རེད།

ང་དང་ངའི་གྲོགས་མོ་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དོ་སྣང་བྱེད་ཀྱི་ཡོད་ལ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁོར་ཡུག་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད་པ་ནི་གལ་ཆེན་པོ་དང་བཀའ་དྲིན་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན། ང་ཚོ་དྷ་རམ་ས་ལའི་བོད་ཕྲུག་སློབ་གྲྭར་བསྐྱོད་པ་དེས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགོངས་པ་བཞེས་ཕྱོགས་ནི་ང་ཚོ་ཚང་མར་འབྲེལ་བ་ཡོད་པའི་ཚོར་བ་ཞིག་སྤྲད་སོང་། ང་ཚོ་ཚང་མ་གོ་ལ་གཅིག་ཏུ་འཚོ་གནས་བྱེད་མཁན་གཅིག་པ་ཡིན་སྟབས། ང་ཚོས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱས་ཏེ་བདེ་སྐྱིད་དང་ཞི་བདེ་ངང་འཚོ་གནས་བྱེད་དགོས།

དེ་རིང་ང་ཚོས་འདིར་གླེང་སློང་བྱེད་བཞིན་པའི་བོད་པའི་འགྲོ་བ་མིའི་ཐོབ་ཐང་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་ལ། ང་ཚོས་མུ་མཐུད་དུ་དེའི་སྐོར་གླེང་སློང་བྱེད་དགོས། ཐུགས་རྗེ་ཆེ་གནང་།

གྲོས་ཚོགས་འོག་མའི་ལྕམ་སྐུ་ཇུ་ཌི་མའེ་ཅུ་(Judy May Chu )ལགས་ཀྱི་གཏམ་བཤད། ཁོང་མོ་ནི་རྒྱ་རིགས་ཤིག་ཡིན་པ་དང་ཨ་རིར་སྐྱེས་པའི་རྒྱ་རིགས་གྲོས་ཚོགས་འཐུས་མི་དང་པོ་དེ་ཆགས་ཡོད་པ་རེད།

ང་རང་ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ཇུ་རི་ཅུ་ཡིན། ཐེངས་འདིའི་སེམས་འགུལ་ཐེབས་པའི་ཕྱོགས་སྐྱོད་ལ་ང་རང་མཉམ་དུ་ཁྲིད་མཁན་མགོ་ཁྲིད་ལྕམ་ནེན་སི་པེ་ལོ་སི་ལགས་སུ་ཐུགས་རྗེ་ཞུ་རྒྱུ་ཡིན།

ངས་བལ་ཡུལ་དུ་བོད་པའི་བུད་མེད་གཞོན་སྐྱེས་ཤིག་དང་སྐད་ཆ་བཤད་པ་དེ་དྲན་པ་བརྗེད་ཐུབ་ཀྱི་མི་འདུག ཁོ་མོས་ང་ལ་ཁོང་ཚོ་བལ་ཡུལ་དུ་ལོ་ངོ་ ༢༠ ལྷག་གནས་སྡོད་བྱས་པ་ཡིན་ཡང་། ཁོང་ཚོར་ཁྲིམས་མཐུན་གྱི་ཡིག་ཆ་དང་ངོ་འབྱོར་ཡིག་ཆ་གང་ཡང་མེད་སྟབས། ཁོང་ཚོས་དངུལ་ཁང་གི་རྩིས་ཁྲ་(Bank Account)བཟོ་མི་ཆོག ཁོང་ཚོས་སྣུམ་འཁོར་ཉོ་མི་ཆོག ཁོང་ཚོས་ཁང་པ་ཉོ་མི་ཆོག་པ་མ་ཟད། ཁོང་ཚོས་ཐ་ན་རང་གི་འཚོ་བའི་ཆེད་རང་གི་མིང་ཐོག་ནས་ཚོང་ཡང་རྒྱག་མི་ཆོག་པ་སོགས་བཤད་སོང་། ཁོང་ཚོས་དེའི་སྐོར་བལ་ཡུལ་གཞུང་ལ་ཞུས་སྐབས་བལ་ཡུལ་གཞུང་གིས་གནད་དོན་དེ་དག་ལ་སྒྱུར་བཅོས་གཏོང་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་དེ་སྒྱུར་བཅོས་གཏོང་ཐུབ་ཀྱི་མེད་སྐོར་བཤད་སོང་།

ངས་ཡང་བསྐྱར་བརྗེད་མི་ཐུབ་པའི་གནད་དོན་གཞན་ཞིག་ནི། བོད་པའི་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱིས་ང་ཚོར་དྷ་རམ་ས་ལར་འབྱོར་དུས་དེ་འདྲའི་བརྩེ་སེམས་ཆེན་པོའི་ཐོག་ནས་དགའ་བསུའི་སྣེ་ལེན་དང་འཚམས་འདྲི་ཞུས་པ་དེ་ཡིན། ང་ཚོས་དམའ་རིམ་འཛིན་གྲྭའི་ཡིད་དུ་འོང་པའི་སློམ་མ་ཆུང་ཆུང་དེ་དག་གིས་སྐད་ཡིག་འབྲི་ཀློག་བྱེད་བཞིན་པ་མཐོང་སོང་། འོན་ཀྱང་། ངས་རྗེས་སུ་ཁོང་ཚོ་ནི་བོད་ནས་རང་གི་ཕ་མའི་དྲུང་ནས་བྲོས་ཏེ་རྒྱ་གར་དྷ་རམ་ས་ལར་གཏན་དུ་འཚོ་གནས་བྱེད་པར་ཡོང་བ་ཤེས་ནས་ཧང་སང་སོང་། ཕྲུ་གུ་དེ་ཚོས་ཕལ་ཆེར་རང་གི་ཕ་མ་ཡང་བསྐྱར་མཐོང་ཐུབ་ཡོད་པ་མ་རེད་བསམ་གྱི་འདུག འོན་ཀྱང་། ཁོང་ཚོའི་ཕ་མ་ཚོས་ཀྱང་བློ་ཐག་བཅད་དེ་རང་གི་ཕྲུ་གུ་ཚོས་མ་འོངས་པར་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་རྒྱུན་འཛིན་ཡོང་ཆེད་བློས་གཏོང་བྱས་པ་རེད་འདུག

ང་ཚོར་དྷ་རམ་ས་ལར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནད་དོན་དེ་ནི་དྲང་བདེན་གྱི་གནད་དོན་ཞིག་རེད་གསུངས་སོང་། ངས་དྷ་རམ་ས་ལར་བསྐྱོད་རྗེས་གཞི་ནས་བོད་ཀྱི་གནད་དོན་དེ་དྲང་བདེན་གྱི་གནད་དོན་ཞིག་ཡིན་པ་དང་། མི་མང་གིས་རང་གི་ཆོས་ལུགས་དང་སྐད་ཡིག དེ་བཞིན། རིག་གཞུང་སོགས་དྲང་བདེན་གྱི་ཐོག་ནས་ཉམས་ལེན་བྱེད་འདོད་ཡོད་པ་ཞིག་ཡིན་པ་ཤེས་སོང་།

ཨ་རིའི་རྒྱལ་ཁབ་ནི་ཆོས་དད་རང་མོས་དང་སྨྲ་བརྗོད་རང་དབང་གི་རྨང་གཞི་གཙོ་བོར་བཟུང་སྟེ་འཛུགས་བསྐྲུན་བྱས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། ང་ཚོས་རང་རྒྱལ་གྱི་རིན་ཐང་ལ་གཅེས་སྤྲས་བྱས་ཏེ། འཛམ་གླིང་ས་ཕྱོགས་གང་ཞིག་ཡིན་ཡང་དྲང་བདེན་མིན་པའི་བྱ་སྤྱོད་འཇིགས་སུ་རུང་དག་མུ་མཐུད་དུ་སྤེལ་འཇུག་མི་རུང་།

གྲོས་ཚོགས་འོག་མའི་ལྕམ་སྐུ་ཇོ་སི་བྷི་ཊི་(Joyce Beatty)ལགས་ཀྱི་གཏམ་བཤད།

ཐུགས་རྗེ་ཆེ། ཚང་མ་ལ་ཉིན་གུང་བདེ་ལེགས་ཞུ་གི་ཡོད། ང་རོགས་པ་ཚོ་དང་མཉམ་དུ་གལ་ཆེའི་ལས་དོན་དེར་ཕྱོགས་སྐྱོད་བྱེད་པའི་གོ་སྐབས་སྐྲུན་མཁན་མགོ་ཁྲིད་ནེན་སི་ལགས་སུ་ཐུགས་རྗེ་ཞུ་བཞིན་ཡོད། གང་ཡིན་ཟེར་ན། ང་ཐེངས་འདིའི་གྲོས་ཚོགས་འཐུས་མིའི་ཕྱོགས་སྐྱོད་ཀྱི་ཆ་ཤས་སུ་གྱུར་བ་ནི་ངའི་གཟི་བརྗིད་ཅིག་ཆགས་ཡོད། ཕྱོགས་སྐྱོད་དེས་ང་ཚོར་གུས་བརྩི་དང་དོན་སྙིང་ལྡན་པ་གང་ཡིན་པ་ཉམས་སུ་མྱོང་དུ་བཅུག་སོང་ལ། འཛམ་གླིང་སྤྱིའི་ཕན་བདེའི་འགན་འཁུར་ནས་འགྲོ་བ་མིའི་ཐོབ་ཐང་དང་། སྐད་ཡིག་གི་རང་དབང་། རིག་གཞུང་ཉམས་ལེན་རང་དབང་། སྨྲ་བརྗོད་རང་དབང་། དཔལ་འབྱོར་གོང་སྤེལ་གྱི་རང་དབང་། རང་སྲུང་ཉེན་འགོག་སོགས་ཀྱི་ཆེད་དུ་མཚམས་རེར་དཀའ་ཁག་གི་གྲོས་མོལ་ལ་གདོང་ལེན་བྱེད་དགོས་པ་ཤེས་སོང་།

ང་ཚོ་སྐོར་སྐྱོད་དུ་ཕྱིན་པའི་རྒྱལ་ཁབ་དེ་དག་ནི་རྒྱ་མཚོ་ལས་ལེ་དབར་སྟོང་ཕྲག་གི་ཕ་རོལ་དུ་ཡོད་པ་ཞིག་རེད། ང་ཚོ་དང་ཁོང་ཚོའི་བར་དུ་བར་ཐག་ཧ་ཅང་རིང་སྟབས། ང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟན་པོ་བཟོ་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་བརླིང་། འགྲོ་བ་མིའི་ཐོང་སོགས་གང་ལའང་དེ་ཙམ་གྱི་འབྲེལ་བ་ཆེན་པོ་ཡོད་པ་ཞིག་མ་རེད། འོན་ཀྱང་། ད་རེབ་ཀྱི་ཕྱོགས་སྐྱོད་དེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཆགས་པའི་གོ་སྐབས་མང་པོ་སྤྲད་བྱུང་།

མགོ་ཁྲིད་ནེན་སི་ལགས་ཀྱིས་ཎེ་ཊོ་(NATO)ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་ཉིན་ ༡༠ སྔོན་ལ་ང་ཚོ་དང་མངའ་སྡེ། དེ་བཞིན། གཞུང་གི་མགོ་ཁྲིད་ཚོར་ལམ་སྟོན་བྱས་པ་རེད། ལོ་ངོ་ ༢༠ རྗེས་ལ་བལ་ཡུལ་གྱི་ཡུལ་མིའི་འོས་བསྡུ་ཐེངས་དང་པོ་མ་གནང་བའི་ཉིན་གཅིག་གི་སྔོན་དུ་བལ་ཡུལ་གཞུང་གི་མགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་གྱི་གོ་སྐབས་བྱུང་སོང་། སྐབས་དེར་བལ་ཡུལ་གྱི་སྲིད་འཛིན་དང་སྲིད་བློན། སྐུ་ཚབ་དོན་གཅོད་དང་། བོད་མི་ཚོར་ཐུག་འཕྲད་བྱས་པ་རེད།

ཁྱེད་རྣམ་པས་གོང་དུ་སྒྲུང་ཞིག་ཐོས་ཡོད་པ་རེད། བོད་ཕྲུག་ཚོ་རང་ཁྱིམ་བཞག་སྟེ་བྲོས་བྱོལ་བྱེད་དགོས་བྱུང་ཡོད། འོན་ཀྱང་། སྟབས་ལེགས་པ་ཞིག་ལ། ཁོང་ཚོར་བརྩེ་བའི་ངང་རང་གི་སྐད་ཡིག་དང་། རིག་གཞུང་སློབ་ཀྱི་ཡོད་ལ། རང་གི་རྒྱལ་ཁབ་དང་རིག་གཞུང་ལ་དྲན་གསོ་གཏོང་ཐུབ་ཀྱི་ཡོད།

ལོ་ངོ་ ༥༠ གོང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་དེ་བཞིན་དུ་བྲོས་བྱོལ་དུ་ཕེབས་པ་རེད། དེ་ལྟར་ཡིན་ཡང་། ཁོང་གིས་མཐའ་མེད་པའི་བརྩེ་བས་རྒྱ་ནག་ལ་འཁོན་སེམས་དང་ཁོང་ཁྲོ་ལང་གི་མེད་པ་མ་ཟད། ད་དུང་ང་ཚོར་ཡང་གལ་སྲིད་ཁོང་ཁྲོ་ཆེན་པོ་ལངས་ན། བསམ་བློ་རྒྱ་ཆེན་པོ་བཏང་སྟེ་ཁོང་ཁྲོ་ཞུ་ཐབས་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད།

༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་བྱེད་སྐབས་ངའི་ཡིད་ལ་ཁོང་དང་ལྟ་གྲུབ་འདྲ་བའི་སློབ་དཔོན་མཱར་ཐར་ལུ་ཐར་ཀིང་དང་སྐྱེས་ཆེན་དམ་པ་གྷིན་དྷི་མཆོག་དྲན་གྱི་འདུག དམ་པ་ཁོང་གཉིས་ཀྱིས་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ལམ་སྟོན་གནང་བ་རེད། ཁོང་རྣམ་པས་ང་ཚོར་འཛམ་གླིང་གི་རྙོག་དྲ་བསལ་དགོས་ན་ཞི་བདེའི་ལམ་ལ་བསྟེན་དགོས་གསུངས་ཡོད།

མཐའ་དོན་དེར། ངས་ཐག་བཅད་དེ་བཤད་ཐུབ་པ་ནི་ང་ཚོའི་ཕྱོགས་སྐྱོད་དེས་གསུབ་ཏུ་མེད་པའི་བྱས་རྗེས་ཤིག་བཞག་ཡོད་བསམ་གྱི་ཡོད། ང་ཚོ་ཐུག་འཕྲད་བྱས་པའི་མི་སྣ་དེ་དག་གིས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་དུས་ནམ་ཡང་ཕྱིར་འཐེན་བྱ་རྒྱུ་མིན་པ་ཤེས་རྟོགས་བྱུང་ཡོད། ང་ཚོ་བོད་མི་ཚོའི་མཉམ་དུ་ལངས་ནས་ཡོད། ང་ཚོ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཉམ་དུ་ལངས་ནས་ཡོད། ང་ཚོས་ནམ་ཡང་བོད་དོན་སྐོར་འདི་དང་གང་སར་གླེང་སློང་བྱེད་ཀྱི་ཡིན།

མགོ་ཁྲིད་ནེན་སི་ལགས་ཀྱིས་མགོ་ཁྲིད་དེ་མུ་མཐུད་དུ་འཛམ་གླིང་གི་རང་དབང་ཡར་རྒྱས་ཡོང་ཆེད་འབད་བརྩོན་བྱེད་བཞིན་པ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ང་རང་གྲོས་ཚོགས་འཐུས་མི་ཞིག་གི་ངོ་བོའི་ཐོག་ནས་ཁྱེད་ཀྱི་མདུན་དུ་ལངས་བར་སྤོབས་པ་སྐྱེ་བཞིན་འདུག

གྲོས་ཚོགས་འོག་མའི་ལྕམ་སྐུ་ཕི་ར་མི་ལ་ཇ་ཡ་པཱལ་(Pramila Jayapal)ལགས་ཀྱིས་གཏམ་བཤད།

མགོ་ཁྲིད་ནེན་སི་ལགས་ཀྱིས་ང་རང་ཕྱོགས་སྐྱོད་དམིགས་བསལ་དེར་ཁྲིད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཕྱོགས་བསྐྱོད་དམིགས་བསལ་ཞེས་འབོད་པར་རྒྱུ་མཚན་གཉིས་ཡོད།

རྒྱུ་མཚན་དང་པོ་ནི། ངའི་མི་ཚེའི་དུས་ཚོད་མང་ཤོས་ཨ་རིའི་ནང་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་བྱས་ཏེ་རྫོགས་པ་རེད། རྒྱུ་མཚན་གཉིས་པ་ནི། ང་རང་སྐྱེས་སའི་རྒྱལ་ཁབ་(རྒྱ་གར་)ཏུ་ཡང་བསྐྱར་ཐེངས་ཤིག་འགྲོ་བའི་གོ་སྐབས་བྱུང་བ་རེད། ངས་རང་ལོ་ ༡༦ སྐབས་རང་ཉིད་སྐྱེས་སའི་རྒྱལ་ཁབ་ནས་ཨ་རིར་ཕྱིན་པ་ཡིན། ལོ་ངོ་ ༣༥ གྱི་རྗེས་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་ལྷོ་ཨེ་ཤ་ཡའི་བུད་མེད་ཀྱི་འཐུས་མི་དང་པོ་ཆགས་ནས་སླར་ཡང་བསླེབས་པ་རེད། དེ་ནི་དངོས་གནས་ཚིག་གིས་ལམ་ནས་འགྲེལ་བརྗོད་བྱེད་མ་ཐུབ་པའི་ཚོར་བ་དང་ཉམས་མྱོང་ཞིག་རེད།

ང་རང་སྐྱེས་སའི་རྒྱལ་ཁབ་ཀྱིས་བོད་མི་རྣམས་ལ་སྣེ་ལེན་ཞུས་པ་ཙམ་མིན་པར། དྷ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཤིག་འཛུགས་བཅུག་པ་ནི་ང་ལ་མཚོན་ན་སྤོབས་པ་ཞིག་ཡིན་ལ། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་བྱེད་རྒྱུ་བྱུང་བ་ནི་དེ་ལས་ཀྱང་གཟི་བརྗིད་ཆེན་པོ་ཞིག་ཡིན།

དེ་བཞིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཀྱི་དགའ་བ་ཤུགས་ཆེན་ཡོད་པ་དང་། བོད་མི་རྣམས་སེམས་ཤུགས་མ་ཆགས་པར་ད་དུང་བོད་དུ་ལོག་པའི་རེ་བ་ཚད་མཐོ་བོ་ཡོད་པ་མ་ཟད། རྒྱ་གར་དུ་སྐྱེས་ནས་འཚར་བའི་གཞོན་སྐྱེས་རྣམས་ལའང་དེ་བཞིན་དུ་སེམས་ཤུགས་ཆེན་པོ་ཡོད་པ་མཐོང་སོང་།

དེར་བརྟེན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་བོད་མི་རྣམས་བོད་དུ་སླར་ལོག་ཐུབ་ཅིང་། རང་གི་སྐད་ཡིག རིག་གཞུང་དང་ཆོས་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།

ང་ཚོས་བལ་ཡུལ་དུ་བོད་མི་སྟོང་ཕྲག་ཁ་ཤས་ལ་ཁྲིམས་མཐུན་ཡིག་ཆ་བཟོ་བཅུག་མེད་པ་མཐོང་སོང་། དེར་བརྟེན། བོད་མི་ཚོར་ལས་ཀ་ཡག་པོ་མ་རག་པ་དང་། ལས་ཀ་ཡག་པོ་མེད་ན་འཚོ་བའི་གནས་སྟངས་སྐྱོ་བོ་ཡིན་སྟབས། རང་གི་ཕྲུ་གུ་གསོ་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་མེད། དེ་དག་ཚང་མ་རྒྱ་ནག་གིས་གནོན་ཤུགས་སྤྲད་པ་ལས་བྱུང་བ་རེད། ང་ཚོས་བལ་ཡུལ་གྱི་མི་སྣ་སུ་དང་ཐུག་ཀྱང་དེའི་སྐོར་གྱི་སྐད་ཆ་བཤད་པ་ཡིན།

ང་ཚོ་དྷ་རམ་ས་ལར་བསྐྱོད་སྐབས་བོད་པའི་སློབ་ཕྲུག་དང་དགེ་ལས་མང་པོ་དང་ཐུག་འཕྲད་བྱས་པ་རེད། དགེ་རྒན་ཁ་ཤས་ཀྱིས་ལོ་ངོ་ ༢༠ ལྷག་རིང་སློབ་ཕྲུག་རྣམས་ལ་ཡི་གེ་བསླབས་པ་ཙམ་མིན་པར། རིག་གཞུང་གོམས་སྲོལ་སོགས་ཀྱི་སློབ་གསོ་དང་ཕ་མ་ཞིག་གི་འགན་འཁུར་ནས་བསྡད་འདུག

གོང་དུ་རོགས་པ་ཚོས་བཤད་པ་ལྟར། ང་ཚོས་སློབ་ཕྲུག་ཚོའི་མཉམ་དུ་སྐད་ཆ་བཤད་སྐབས། ཕྲུ་གུ་ཞིག་གིས་ཁོ་བོ་ལོ་ ༡༡ སྐབས་བལ་ཡུལ་དང་བོད་ཀྱི་ས་མཚམས་ནས་དོ་བོ་མཉམ་དུ་ཁྱེར་ཏེ་བསླེབས་པ་དང་། རྗེས་སུ་དྷ་རམ་ས་ལར་ཡོང་བ་རེད་ཅེས་བཤད་སོང་། ང་རང་ཐེངས་འདིའི་སྐུ་ཚབ་འཐུས་མིའི་ཁོངས་སུ་སྐྱོད་ཐུབ་པ་དེར་དགའ་སྤོབས་ཆེན་པོ་བྱུང་། གང་ཡིན་ཟེར་ན། ཕྱོགས་སྐྱོད་དེའི་དམིགས་འབེན་བྱེད་ས་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་རེད།

སྡིངས་ཆ་འདི་བརྒྱུད་དེ་ངས་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ། ད་ནི་གང་ཡང་མ་བཤད་པར་ཁ་འཚུམ་ནས་སྡོད་པའི་དུས་ཚོད་མིན། འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་པའི་དུས་ཚོད་ཅིག་རེད་ཞུ་རྒྱུ་དང་། ང་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལས་ཀ་ད་བར་བྱས་པ་ལས་ཀྱང་མ་འོངས་པར་བྱ་རྒྱུ་མང་བ་བསྡད་ཡོད་ཅེས་བཤད་འདོད་བྱུང་། ཐུགས་རྗེ་ཆེ།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༢༣

Leave a Reply

2 thoughts on “དྷ་རམ་ས་ལར་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གི་གཟིགས་ཚོར།

  1. བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་ཞིབ་ཅིང་ཕྲ་བ་སྤེལ་བ་ཐུགས་རྗེ་ཆེ། ཨ་རིའི་སྐུ་ཚབ་སྐོར་གནས་ཚུལ་ཐོག་མ་ཁྱབ་སྤེལ་གནང་མཁན་བོད་ཀྱི་དུས་བབ་རེད་ལ་མཐའ་མ་སྤེལ་མཁན་ཡང་བོད་ཀྱི་དུས་བབ་རེད། སྔ་རྗེས་མགོ་མཇུག་བར་གསུམ་གྱི་གནས་ཚུལ་ཆ་ཚང་བ་དང་ཞིབ་ཚགས་སུ་བཀོད་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།