བོད་ཀྱི་མཛངས་མ་འགྲན་སྡུར་ནང་ཞུཊ་མཁན་ ༩ འདུག

ད་ལོ་ནི་ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་བོད་ཀྱི་མཛངས་མ་འགྲན་སྡུར་གནང་བའི་ལོ་རྒྱུས་ཁྲོད་ཀྱི་འགྲན་ཞུགས་པ་ཆེས་མང་ཤོས་དེ་ཆགས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་ ༡༥ པ་མགོ་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། ད་ལོར་རྒྱ་གར་དང་ཨ་རི། ཡུ་རོབ་བཅས་ནས་བོད་ཀྱི་གཞོན་ནུ་མ་ ༩ མཉམ་ཞུགས་གནང་འདུག་ལ། བོད་ཀྱི་མཛངས་མ་འགྲན་སྡུར་གྱི་ལོ་རྒྱུས་ནང་འགྲན་ཞུགས་པ་ཆེས་མང་ཤོས་དེ་ཆགས་ཡོད་པ་རེད།

བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་ ༡༥ པ་འདི་ནི་འཛུལ་ཞུགས་པ་མང་ཤོས་དེ་ཆགས་ཡོད་པ་དང་། འདས་པའི་ལོ་ངོ་ ༡༢ ཀྱི་ལོ་རྒྱུས་ནང་མང་ཤོས་དེ་དྲུག་དང་ལོ་བཞིའི་རིང་འཛུལ་ཞུགས་གནང་མཁན་གཅིག་རེ་མ་གཏོགས་བྱུང་མེད་ཀྱང་། ད་ལོར་བུ་མོ་ ༩ མཉམ་ཞུགས་གནང་ཡོད་པ་དང་། ད་ལྟའི་བར་བོད་ཀྱི་མཛངས་མའི་མཚན་གནས་ཐོབ་པའི་མཛངས་མ་ ༡༤ བྱུང་ཡོད་པའི་ནང་ནས་མང་ཆེ་བ་ཞིག་ལ་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་བྱུང་ཡོད་ཀྱང་། གོ་སྐབས་ནམ་བྱུང་ལ་རྒྱ་ནག་གཞུང་གིས་སྡང་སེམས་ཆེན་པོའི་ཐོག་ནས་བོད་ཀྱི་མཛངས་མ་རྒྱལ་སྤྱིའི་འགྲན་སྡུར་ནང་ཞུགས་པར་བཀག་འགོག་བྱས་ཡོད་པ་དང་། རྒྱ་ནག་གཞུང་ནས་བཀག་འགོག་བྱས་པའི་རྐྱེན་གྱིས་ཐེངས་ཁ་ཤས་ཤིག་ལ་འགྲན་ཞུགས་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་ཀྱང་། བོད་ཀྱི་མཛངས་མ་འགྲན་སྡུར་དེ་སྲིད་དོན་དང་འབྲེལ་བ་མེད་པར་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་དུ་གཏོང་ཐབས་ཤིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་སྲིད་དོན་ལ་ཁ་བསྒྱུར་ཏེ་བཀག་འགོག་བྱེད་པ་དེ་ནོར་འཁྲུལ་ཡིན་སྐོར་བརྗོད་སོང་།

འགྲན་ཞུགས་པ་གཞོན་ནུ་མ་དགུ་ནི་རང་ལོ་ ༢༠ ཡིན་པ་ལྡི་ལི་ནས་ཡོང་བའི་བུ་མོ་འཆི་མེད་སྐྱིད་འཛོམས་ལགས་དང་། ཨ་རིའི་ནེའུ་ཡོག་ནས་ཡིན་པའི་རང་ལོ་ ༢༢ ཡིན་པ་མིག་དམར་སྒྲོལ་མ་ལགས། ཡུ་རོབ་ཨོ་སི་ཊོ་རི་ཡ་ནས་ཡིན་པའི་གསལ་སྒྲོན་ལགས། རྒྱ་གར་བྷང་ལོར་ནས་ཡོང་བའི་རང་ལོ་ ༢༢ ཅན་བསྟན་འཛིན་མཁས་ཆོས་ལགས་དང་། ཅོན་ཌ་ར་ནས་ཡིན་པའི་བསྟན་འཛིན་ནོར་སྒྲོན་ལགས་རང་ལོ ༢༠། མ་ན་ལི་ནས་ཡིན་པ་བསྟན་འཛིན་ནོར་འཛོམས་རང་ལོ་ ༢༢། ཀོ་ལི་སྒར་གཞིས་ཆགས་ནས་ཡོང་བ་བསྟན་འཛིན་དཔལ་སྒྲོན་རང་ལོ་ ༢༡། སྦེལ་ཀོབ་གཞིས་ཆགས་ནས་ཡིན་པའི་རང་ལོ་ ༢༥ ཅན་བསྟན་འཛིན་དབྱངས་སྐྱིད་དང་།  རང་ལོ་ ༢༠ ཡིན་པའི་བསྟན་འཛིན་ཡེ་ཤེས་བཅས་རེད་འདུག

ད་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠ ཡོད་པ་དེའི་སྦྱིན་བདག་ཐའེ་ཝན་ནང་ཡོད་པའི་བསྟན་འཛིན་ཆར་ལི་(Tenzin Charlie)ལགས་ཡིན་འདུག ཨང་གཉིས་པར་ཧིན་སྒོར་ཁྲི་ ༥༠༠༠༠ དང་ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ ཡོད་ལ། ཨང་གཉིས་པའི་བྱ་དགའི་སྦྱིན་བདག་ཁ་ལི་ཧྥོར་ནི་ཡར་ཡོད་པའི་བསྟན་པ་རྡོ་རྗེ་ལགས་ཡིན་པ་དང་། ཁོང་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་ངའི་གྲོང་སྡེ་ཞེས་པའི་ཚོགས་པ་ཞིག་ཀྱང་བཙུགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༣༠

Leave a Reply

5 thoughts on “བོད་ཀྱི་མཛངས་མ་འགྲན་སྡུར་ནང་ཞུཊ་མཁན་ ༩ འདུག

  1. ༄༅། གངས་ཅན་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་གནང་མཁན་སྐུ་ཞབས་བློ་བཟང་དབང་རྒྱལ་
    ལགས་དང། མཛངས་མ་བོུ་ཚང་མར་བཀྲིས་བདེ་ལེགས་ཡོད། ཁྱེད་རྣམས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་
    དང་ནམ་ཡང་བརྒལ་མི་རུང་བ་སེམས་དཀྱིལ་ལ་ཞོགས།
    ༄༅། ༧གོང་ས་མཆོག་ནི་མུན་པ་གསལ་མཁན་གྱི་སྒྲོན་མེ་ཡིན།།
    མི་རིགས་ལ་བྱམས་བརྩེ་གནང་མཁན་གྱི་བླ་སྲོག་ཡིན།།
    དུས་གསུམ་གྱི་སྒོ་མོ་འབྱེད་མཁན་གྱི་ཕ་མ་ཡིན།།
    སྤོབས་པའི་ལ་རྒྱ་སྩོལ་མཁན་གྱི་དགེ་རྒན་ཡིན།།

  2. ྆྆རིག་འཛིན།

    བོད་ཀྱི་མཛངས་མ་འགྲེན་བསྡུར་གོ་སྒྲིགས་པ་བློ་བཟང་དབང་རྒྱལ་ལ་ཁོ་རང་ཉིད་ཀྱི་གཏམ་སྐད་སྒྲགས་དང་དངུལ་ལས་བོད་ཀྱི་སྐད་ཡིག་ལ་འབྲེལ་བ་མེད་པ་ལོ་སྔོན་མ་གསར་བཀོད་པར་ཞུ་ཟིན་པའི་ང་ཚོའི་ཁོ་ལྟ་བུ་ལ་མ་འོངས་བོད་ཀྱི་སྐད་ཡིག་སྲུངས་སྐྱོབས་ཀྱི་རེ་བ་བྱེད་ཐབས་མེད།

  3. ཐོས་པ་དགའ།

    དགེ་མང་ཟླ་བ་ལགས་ཀྱིས་ཧ་ཅང་ཡག་པོ་གསུངས་འདུག ?? བུ་མོ་ཚོའི་སྐད་ཆ་གཙོ་བོ་གང་བཤད་དེ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་དང་ཏན་ཏན་འབྲེལ་ཡོད་པར་སེམས།

  4. དགེ་མང་ཟླ་བ།

    རིགས་རུས་གཅིག་པའི་ཨ་ཅེ་ཡོངས་ལ་རྟེན་འབྲེལ་ལེགས་པའི་འཚམས་འདྲི་ཞུ།
    ཁྱེད་ཚོ་བོད་ཀྱི་བུད་མེད་ཡིན་པས་བོད་ཀྱི་མཛངས་མ་དང་། མཛེས་མ་ཞེས་པའི་མིང་འདི་སྤྱོད་གཏོང་དབང་ལོས་ཡོད།
    བོད་” ཅེས་པའི་མིང་འདི་རྒྱལ་ཁབ་གཅིག་གི་མིང་ཡིན་པ་ཁྱེད་ཚོ་ལ་ཞུ་མ་དགོས་པ་རེད། དེའི་ཚབ་མཚོན་མི་སྣའང་རྒྱལ་ཁབ་དེའི་ཐུན་མོང་མིན་པའི་རིག་གནས་དང་ཀུན་སྤྱོད་ཀྱི་ཐོག་ནས་འགྲོ་རྒྱུ་གལ་ཆེ། ཁྱེད་ཚོས་སེམས་ནང་དུ་དངོས་གནས་བོད་ཕྱི་ནང་གི་སྙིང་ཉེ་བའི་མིང་སྲིང་རྣམས་བཞགས་ཡོད་ན། ཁོང་ཚོའི་གོ་ཐུབ་པའི་བོད་ཀྱི་སྐད་ཆ་བཤད་ན། ཁྱེད་ཚོ་ལ་ཆགས་ཉམས་ཡོད་རུང་མེད་རུང་། བོད་ནང་གི་བུད་རྣམས་ཀྱང་སེམས་འགུལ་ཐེབས་ཐུབ། བོད་སྐད་བཤད་ན་ཁྱེད་ཚོ་ཤེས་ཡོན་མེད་པའི་སར་གཏན་དུ་ལྷུང་མི་འགྲོ། སྐྱབས་མགོན་རིན་པོ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཐོག་མའི་ལེགས་སྦྱར་གྱི་གཏམ་བཤད་དེ་བོད་སྐད་རང་གི་ཐོག་ནས་བཤད་གནང་ཡོད་པ་ཚང་མས་ཤེས་གསལ་རེད།
    ནམ་རྒྱུན་འུ་ཚོས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་གཏོར་རླགས་གཏོང་གི་འདུག་ཟེར་ནས་སྐད་རྒྱག་གི་རེད། དོན་དུ་ཁྱེད་ཚོས་བོད་མི་རིགས་ཀྱི་མིང་ཁུར་ནས་གཞན་སྐད་ལད་བཟློས་བྱེད་བཞིན་པ་འདི་རྒྱ་ནག་ལས་ཀྱང་ཚབ་ཆེ་བའི་རིགས་གཞུང་གཏོར་རླགས་ངོས་འཛིན་བྱེད། སྐྱབས་མགོན་རིན་པོ་ཆེས་དུས་རྟག་ཏུ། བོད་ཀྱི་གཞོན་སྐྱེས་ཚོས་བོད་སྐད་བོད་ཡིག་ཡག་པོ་སྦྱང་དགོས་རེད། འདི་དཔེ་གལ་ཆེན་པོ་རེད་ཅེས་གསུངས་དང་གསུང་བཞིན་པའི་སྐབས་འདིར། ཁྱེད་ཚོ་གཙུག་ལགས་ཁང་གི་ཡང་ཐོག་ཏུ་བུད་དེ། བོད་སྐད་ཚིག་གཅིག་ཀྱང་མི་བཤད་པར། བོད་མི་རིགས་ཀྱི་མཛངས་མའི་ཚབ་མཚོན་མི་སྣ་ངེད་ཚོ་ཡིན་ཅེས་སྐད་རྒྱག་བཞིན་པ་འདི། དངོས་གནས་བྱས་ན་སྐྱབས་མགོན་རིན་པོ་ཆེས་ཤེས་ཡོན་སློབ་གསོ་དང་ཏན་ཏན་ཁ་གཏད་བཅགས་པ་རང་རེད། བོད་ཀྱི་མཛངས་མའི་དོ་སྣང་བྱེད་མཁན་དང་འུར་ལང་མཁན་མང་ཆེ་བ་བོད་ཕྱི་ནང་གི་རང་རིགས་ཤ་སྟགས་ཡིན་པ་ལས། ཁྱེད་ཚོའི་འགྲན་སྡུར་འདི་ལ་རྒྱ་གར་བ་འུར་ལང་གི་མེད། དབྱིན་ཇི་བ་འུར་ལང་གི་མེད། རྒྱ་རིགས་ཨ་ཅང་ཅང་། དེས་ཕྱིར། ཁྱེད་ཚོའི་ལས་འགན་དངོས་ནི། གང་དུ་ཁྱེད་ཚོའི་ཕྱོགས་ལ་དོ་སྣང་དང་འུར་ཟིང་བྱེད་ཀྱིན་ཡོད་པ་དེ་དང་སྟུན་ཤེས་ན། ཁྱེད་ཚོའི་མིང་དང་གནས་བབས་ལ་ཁེ་བཟང་དེ་བས་ཆེ་སྲིད་དོ།
    དེ་ཙམ་ཡིན། འགྱོག་པོ་ཟློས་གར་ཁང་ནས་ཐུག་ཡོང་། ཧཧཧཧ

  5. ཐོས་པ་དགའ།

    བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་རྒྱལ་ཟེར་པ་འདི་ནི་ཁ་ཕྱོགས་དང་ལངས་ཕྱོགས་བསྟན་པོ་མེད་མཁན་ཞིག་རེད། རྒྱ་ནག་གཞུང་གིས་གནོན་ཤུགས་ཕྲན་བུ་སྤྲད་པ་དང་དེ་ལ་ཞེད་ནས། ཆབ་སྲིད་དང་འབྲེལ་བ་མེད་པའི་གཏམ་བཤད་བྱེད་སྟངས་ལ་ལྟོས་དང་། ངོ་མ་བློ་ཕམས་དགོས་པ་རེད། བོད་ནང་ན་གཞིས་ལུས་དཔའ་བོ་དཔའ་མོ་ཚོས་ག་ཚོད་ཀྱི་བློས་བཏང་བྱེད་ཀྱིན་འདུག དང་པོ་བཤད་སྟངས་དང་སྦད་དེ་འགྱུར་བ་ཐེབས་པ་མ་ཟད། ད་རེས་ཀྱི་གསལ་འགོད་བསྒྲགས་གཏམ་དེའི་ནང་བོད་པའི་བུ་མོ་ཚོའི་གཏམ་བཤད་ཀྱང་བོད་སྐད་མེད་པར། དབྱིན་སྐད་རྒྱག་ཆུག བོད་པའི་བུད་མེད་ཀྱི་ནུས་སྟོབས་སྤེལ་ཟེར་པ་དེའི་ཚིག་དེ་བེད་སྤྱོད་གཏོང་གི་འདུག དེ་ལྟར་ན་བུད་མེད་ཚོས་རང་གི་མི་རིགས་ཀྱི་རིག་གཞུང་དང་། བདེ་སྡུག་ལ་ཁུར་མཉམ་བཞེས་གནང་དགོས་པ་བཤད་མ་དགོས་པ་རེད། དེ་ལྟར་གནང་ན་ཆབ་སྲིད་དང་འབྲེལ་བ་མེད་ལབ་སྟངས་ཤིག་མེད་པ་རེད། ད་མང་པོ་མི་འབྲི་གཙོ་བོ་མཉམ་ཞུགས་གནང་མཁན་གྱི་བོད་པའི་བུ་མོ་རྣམ་པས་རང་རང་གི་ལངས་ཕྱོགས་གཏན་པོ་འཛིན་དགོས་པ་རེད། འོ་རེད་མཚམས་འདི་ནས་ཀློག་པ་བོ་ཚོས་གཟིགས་དང་། མཛངས་མ་འགྲན་བསྡུར་ཐེངས་༡༣ པའི་སྐབས་ཁོ་རང་དང་། མཛངས་མ་ཚོས་བཤད་སྟངས་དང་ད་རེས་གཉིས་བསྡུར་ན་སྐབས་སྔོན་མ་ཚོ་ལ་དེ་བས་ཀྱང་ཞིབ་འཇུག་གི་བསམ་བློ་འཁོར་རྒྱུ་རེད།
    http://www.khabdha.org/?p=72221 འདི་ལ་གཟིགས་པ་འཚལ།