སྲིད་འཛིན་ཊི་རུམ་ཕིས་ཨོ་བྷ་མའི་བྱས་རྗེས་ཁག་ནག་གསུབ་གཏོང་གི་འདུག་ཟེར།

ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་རྒྱལ་ཁབ་མང་པོ་ཞིག་མཉམ་འབྲེལ་ཐོག ༢༠༡༥ ལོར་ཧྥ་རན་སིའི་རྒྱལ་སར་བཞག་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གྲོས་ཆོད་ལས་ཨ་རི་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བསྒྲགས་པ་དེར་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་སྐྱོན་བརྗོད་དང་གནོན་ཤུགས་སྣ་ཚོགས་སྤྲོད་མགོ་བརྩམས་ཡོད་པ་རེད།

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་གསལ་བསྒྲགས་སྤེལ་ཏེ། ཨ་རི་ ༢༠༡༥ ལོར་ཧྥ་རན་སའི་རྒྱལ་ས་ཕེ་རི་སིར་བཞག་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆོད་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཟུར་བ་སྐུ་ཞབས་ཨོ་བྷ་མས་ཁོ་རང་གི་འཛིན་སྐྱོང་སྐབས་ཕེ་རི་སིའི་གོ་ལའི་གནམ་གཤིས་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་ཏེ། མ་འོངས་པའི་མི་རབས་རྗེས་མ་ཚོའི་ཆེད་དུ་གོ་ལ་སྲུང་སྐྱོབ་བྱས་ཡོད་སྐོར་བརྗོད་དེ། ཊི་རུམ་ཕིའི་འཛིན་སྐྱོང་ལ་སྐྱོན་བརྗོད་བྱས་ཡོད།

ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མས་དེ་སྔ་ནས་གལ་སྲིད་ཨ་རིའི་གཞུང་གོ་ལའི་ཚ་དྲོད་གྲོས་ཆོད་དེ་ལས་ཕྱིར་འཐེན་བྱས་ཚེ། དེས་རྒྱལ་སྤྱིའི་སྟེང་ཨ་རིར་སྣང་བརྙན་ངན་པོ་ཡོང་རྒྱུ་མ་ཟད། གྲོས་ཆོད་དེའི་ནང་གི་ཚོང་གི་ཁེ་སྤོགས་དག་ཀྱང་བརླག་སྲིད་པའི་ཉེན་བརྡ་བཏང་ཡོད། འོན་ཀྱང་། སྲིད་འཛིན་ཊི་རུམ་ཕིས་གྲོས་ཆོད་དེས་ཨ་རིའི་ངལ་རྩོལ་མི་མང་ལ་འདྲ་མཉམ་མིན་པའི་ཕམ་ཁ་སྤྲད་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱིས་གྲོས་ཆོད་དེ་ལས་ཆ་སྙོམས་མིན་པའི་ཁེ་སྤོགས་ལེན་གྱི་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད།

སྐུ་ཞབས་ཨོ་བྷ་མས་ “ཕེ་རི་སིའི་གྲོས་ཆོད་ཀྱིས་རྒྱལ་ཁབ་མང་པོ་ཞིག་ལ་ལས་གནས་དང་འཛུགས་སྐྲུན་སོགས་ཀྱི་གོ་སྐབས་སྐྲུན་བཞིན་ཡོད་སྟབས། ཨ་རིའི་གཞུང་གིས་གྲོས་ཆོད་དེའི་སྣེ་ཁྲིད་དེ་འཛམ་གླིང་མི་མང་ལ་མིག་དཔེ་བཟང་བོ་ཞིག་སྟོན་དགོས་”ཞེས་བརྗོད་ཡོད་ཀྱང་། སྲིད་འཛིན་ཊི་རུམ་ཕིས་ “གོ་ལའི་ཚ་དྲོད་ཀྱི་གྲོས་ཆོད་དེས་ཨ་རིའི་གཞུང་སོ་སོའི་མི་མང་ལ་ངོ་གནོང་དགོས་པའི་གྱོང་གུད་སྤྲད་ཡོད་པ་མ་ཟད། ཨ་རི་ཡང་འདྲ་མཉམ་ཐོག་ཁེ་སྤོགས་འདོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་གཞན་གྱིས་ང་ཚོར་དམའ་འབེབས་མ་བྱས་གོང་ལ་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆོད་དེ་ལས་ཕྱིར་འཐེན་བྱས་ཏེ། ང་ཚོས་སོ་སོའི་རྒྱལ་ཁབ་ལ་འདྲ་མཉམ་གྱི་ལྟ་ཚུལ་བསྐྲུན་དགོས” ཞེས་བརྗོད་ཡོད།

སྐུ་ཞབས་ཨོ་བྷ་མས་ “གལ་སྲིད་ཨ་རིའི་གཞུང་ཨ་རི་ཕེ་རི་སིའི་གྲོས་ཆོད་ལས་ཕྱིར་འཐེན་བྱས་ཏེ་ལག་པ་སྟོང་བ་ཡིན་པའི་སྲིད་གཞུང་ཁག་དང་མཉམ་དུ་མ་འོངས་པར་བསམ་བློ་མ་བཏང་ཡང་། ཨ་རིའི་མངའ་སྡེ་ཁག་དང་གྲོང་ཁྱེར་ཁག དེ་བཞིན། ཚོགས་སྡེ་ཁག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་ཏེ་ཡར་ལངས་རྒྱག་ངེས་ཡིན་པ་མ་ཟད། ཁོ་ཚོས་ང་ཚོ་ཁོ་ནར་དབང་བའི་སའི་གོ་ལ་འདི་མ་འོངས་པའི་མི་རབས་ཚོའི་ཆེད་དུ་སྲུང་སྐྱོབ་བྱ་ངེས་རེད་”ཅེས་བརྗོད་ཡོད།

སི་ཨན་ཨན་གྱི་གསར་འགྱུར་གཞན་ཞིག་གི་ནང་། བདུན་ཕྲག་སྔོན་མའི་རྒྱལ་སྤྱིའི་ཚོང་འབྲེལ་ཚོགས་ཆེན་ཞིག་གི་སྟེང་། རྒྱལ་སྤྱིའི་དབུ་ཁྲིད་དང་ཚོང་ལས་སྡེ་ཁག་གི་འགན་འཛིན་བཅས་རྒྱལ་ཁབ་ ༡༩༥ ཡི་འཐུས་ཚབ་ཀྱིས་ཨ་རི་མུ་མཐུད་ཕེ་རི་སིའི་གྲོས་ཆོད་ཁོངས་སུ་སྡོད་དགོས་པའི་མཚན་རྟགས་བཀོད་ཡོད་པ་མ་ཟད། སྐབས་དེར་སྲིད་འཛིན་ཊི་རུམ་ཕིའི་བུ་མོ་ཨ་བན་ཀ་ཊི་རུམ་ཕིས་(Ivanka Trump)ལགས་ཀྱིས་ཀྱང་གོ་ལའི་གནམ་གཤིས་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། ད་ལྟ་ཁོང་མོ་ཡང་རྙིང་ཞེན་པའི་རྗེས་སུ་འབྲང་སྟེ་གནམ་གཤིས་གྲོས་ཆོད་དེས་ཨ་རིར་གྱོང་རེག་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཐེངས་འདིའི་སྲིད་འཛིན་ཊི་རུམ་ཕིའི་ཐག་གཅོད་དེས་ཨོ་བྷ་མའི་བྱས་རྗེས་གལ་ཆེན་ཞིག་མེད་པ་བཟོས་ཡོད་པ་དང་། ཊི་རུམ་ཕི་སྲིད་འཛིན་མ་ཆགས་སྔོན་ལ་ཨོ་བྷ་མས་ཕེ་རི་སིའི་གྲོས་ཆོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ཕེ་རི་སིའི་གྲོས་ཆོད་དེ་སའི་གོ་ལ་ཚ་དྲོད་ཀྱི་འཇིགས་ཉེན་ལས་སྐྱོབ་ཐབས་ཡག་ཤོས་དེ་ཡིན་པར་ངོས་འཛིན་བྱས་ཡོད་ཀྱང་། ཊི་རུམ་ཕི་ཨ་རིའི་སྲིད་འཛིན་ཆགས་ཏེ་སྤྱི་མཐུན་ཚོགས་པས་ཨ་རིའི་གཞུང་དབང་སྒྱུར་བྱས་བ་ནས་བཟུང་། ཨོ་བྷ་མའི་སྐབས་ཀྱི་བྱས་རྗེས་གལ་ཆེན་ཁག་མེད་པ་བཟོ་མགོ་བརྩམས་ཡོད་པ་དང་། མཐའ་ན་ཨ་རིའི་མི་མང་ལ་གལ་གནད་དུ་གྱུར་བའི་ཨོ་བྷ་མའི་འཕྲོད་བསྟེན་སྲིད་ཇུས་ཀྱང་མེད་པ་བཟོས་ཡོད་པ་རེད།

ཨལ་ཇ་རྫེ་རཱའི་གསར་འགྱུར་ཞིག་གི་ནང་དུ། ཁ་སང་རྒྱལ་སྤྱིའི་མགོ་ཁྲིད་དང་མི་མང་མང་པོ་ཞིག་གིས་ཨ་རི་དང་འཛམ་གླིང་ཡུལ་གྲུ་གང་སར་ཨ་རིའི་སྲིད་འཛིན་ཊི་རུམ་ཕིར་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཁོ་ཚོས་ཊི་རུམ་ཕིའི་འཛིན་སྐྱོང་གིས་ཨ་རི་ཕེ་རི་སིའི་གྲོས་ཆོད་ལས་ཕྱིར་འཐེན་བྱས་ཏེ་ཨ་རིའི་ལོ་རྒྱུས་རང་བཞིན་ལྡན་པའི་དབུ་ཁྲིད་གོང་མ་དག་གིས་འཛམ་གླིང་ལ་བཞག་ཡོད་པའི་མཚན་སྙན་ཆུ་ལ་བསྐུར་ཡོད་ཅེས་བརྗོད་ཡོད།

གནས་ཚུལ་དེའི་ནང་དུ་སྲིད་འཛིན་ཊི་རུམ་ཕིས་ཨ་རི་ཕེ་རི་སིའི་གྲོས་ཆོད་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བསྒྲགས་ཡོད་ཀྱང་། སྐབས་དེར་ཁོས་ད་དུང་གལ་སྲིད་ཕེ་རི་སིའི་གྲོས་ཆོད་དེའི་ནང་ཨ་རིར་འདྲ་མཉམ་ཡིན་པའི་གནས་བབས་ཅིག་བསྐྲུན་པ་ཡིན་ན། ཨ་རིས་གྲོས་ཆོད་དེར་བསམ་བློ་བསྐྱར་དུ་གཏོང་གི་ཡིན་ཞེས་ཀྱང་བརྗོད་ཡོད། ཕེ་རི་སིའི་གྲོས་ཆོད་དེའི་སྒྲིག་ཁྲིམས་ནང་ལྟར་བྱས་ན། རྒྱལ་ཁབ་གང་ཞིག་གྲོས་ཆོད་དེ་ལས་ཕྱིར་འཐོན་བྱེད་འདོད་ཡོད་ཚེ། ཉུང་མཐར་ཡང་ལོ་ ༤ ལྷག་གི་བརྒྱུད་རིམ་ཞིག་བརྒྱུད་དགོས་པ་རེད།

ཁ་སང་འཇར་མན་དང་ཧྥ་རན་སི། ཨི་ཊ་ལི་བཅས་ཀྱི་དབུ་ཁྲིད་ཐུན་མོང་གིས་ཕེ་རི་སིའི་གྲོས་ཆོད་དེ་ནི་ང་ཚོས་འདོར་དུ་མི་རུང་བའི་སྲིད་ཇུས་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཡོད་པ་མ་ཟད། ཕེ་རི་སིའི་གྲོས་ཆོད་དེ་ནི་གོ་ལ་སྤྱིའི་བདེ་འཇགས་དང་སྤྱི་ཚོགས་ཡར་རྒྱས། དེ་བཞིན། དཔལ་འབྱོར་གོང་འཕེལ་སོགས་དང་ཁ་འབྲལ་ཐབས་མེད་པའི་གྲོས་ཆོད་ཅིག་ཡིན་སྟབས། ཊི་རུམ་ཕིར་བསམ་བློ་གཉིས་བ་གཏོང་བའི་གོ་སྐབས་མེད་ཅེས་བརྗོད་ཡོད།

ཧྥ་རན་སིའི་སྲིད་འཛིན་མཱེཀ་རོན་(Macron)གྱིས་བརྙན་འཕྲིན་བརྒྱུད་ལམ་ཁང་ཞིག་ཏུ་ “གནམ་གཤིས་ཚ་དྲོད་ཀྱི་གྲོས་ཆོད་ལ་གོ་སྐབས་གཉིས་བ་མེད། རྒྱུ་མཚན་ནི། སའི་གོ་ལ་གཅིག་ལས་གཉིས་མེད་པས་ཡིན་”ཞེས་བརྗོད་ཡོད་པ་དང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་ “ཨ་རི་ཕེ་རི་སིའི་གནམ་གཤིས་གྲོས་ཆོད་ལས་ཕྱིར་འཐེན་བྱས་བ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད” ཅེས་བརྗོད་ཡོད་འདུག   དེ་བཞིན། ནེའུ་ཛི་ལན་ཌིའི་(New Zealand)སྲིད་བློན་དང་རྒྱལ་སྤྱིའི་ཚན་རིག་པ། ཨ་རིའི་ཚན་རིག་ཞིབ་འཇུག་ཁང་ནཱ་སཱ་(NASA)སོགས་གཙོ་བྱས་བའི་གཞུང་དང་ཚོགས་སྡེ་ཁག་མང་པོ་ཞིག་གིས་ད་ལྟ་སྲིད་འཛིན་ཊི་རུམ་ཕིའི་གཞུང་ལ་སྐྱོན་བརྗོད་བྱེད་མགོ་བཙུགས་ཡོད།

བསྐྱར་བཅོས།: ༢༠༡༧/༠༦/༠༣

Leave a Reply

3 thoughts on “སྲིད་འཛིན་ཊི་རུམ་ཕིས་ཨོ་བྷ་མའི་བྱས་རྗེས་ཁག་ནག་གསུབ་གཏོང་གི་འདུག་ཟེར།

  1. རྒྱོང་དང་ཁེབ་བཟང་གང་བྱུང་ཡང་ཨ་རི་མི་དམངས་ཀྱི་འོས་ཤོག་ལས་ཐོབ་པའི་སྲིད་འཛིན་རེད། རྒྱོང་རག་སོང་ན་ལྟ་མོ་ཆེན་པོ་གཅིག་ཆགས་ས་རེད།

  2. རང་བཙན་བུ།

    རིག་གནས་མེད་པའི་ཚོང་པས་ཁེ་ཕོགས་དང་པོར་འཇོག་པ་དང་། རིག་གནས་ཡོད་པའི་ཚོང་པས་འབྲེལ་བ་དང་པོར་འཇོག ཌོ་ནལ་ཋོམ་རིག་གནས་མེད་པའི་ཚོང་པ་ཞིག་ཡིན་པས་ཁོས་ཀུན་གྱིས་ཆེ་མཐོང་འབུལ་སའི་ཨ་རི་འདི་རིག་གནས་མེད་པའི་ཚོང་གཉེར་ཁང་ཞིག་ཏུ་བསྒྱུར་འདོད་བྱེད་ཀྱི་ཡོད། འདིའི་མཇུག་འབྲས་ནི་ཁེ་རག་པ་དང་དུས་མཉམ་དུ་སྲོག་ཤོར་འགྲོ་བ་དེ་རེད།

    1. ད་ཨ་རི་ཚ་ནི་རེད ད་འཛམ་གླིང་གི་དཔོན་པོ་སོ་ཏུ་ཨ་ར་རྦི་ཡོང་ངེས་རེད དེའི་དུས་སུ་འཛམ་གླིང་ཁ་ཆེས་དབང་དུ་འདུས་ཀྱིན་རེད ཡང་ན་རྒྱ་ནག་ལ་གོ་སྐབས་རག་ཤས་ཆེ། དེའི་དུས་སུ་བོད་པ་ཚོས་སྐྱག་པ་ཟ་ནི་རེད་ད།ཏུ