མན་ཇུའི་སྐད་ཡིག འཇིག་ལ་ཉེ་བའི་དེ་སྔའི་རྒྱ་ནག་གི་གཞུང་ཡིག

ཧྥང་ཡི་ཡིང་(Fan Yiying)གིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

རང་སྐད་གཅེས་སྲུང་བྱེད་པའི་སྐུལ་སློང་དང་འདུན་པ་ཞན་པས། མན་ཇུའི་མི་རིགས་ས་ཡ་བཅུའི་ཕ་སྐད་ཧ་ཅང་ཡ་ང་བའི་གནས་སུ་ལྷུང་ཡོད།

ཀྲའོ་ཆིང་ལན་(Tao Qinglan)གྱིས་ད་ལྟའང་ཕ་མེས་ཀྱི་སྐད་ཡིག་བཀོལ་སྤྱོད་ཐུབ་ཀྱི་ཡོད། འོན་ཀྱང་ཁོ་མོ་སན་ཅཱ་ཙེར་(Sanjaizi)སྐྱེས་པ་ནས། ད་ལྟ་ལོ་རྒན་ ༧༢ བར་གནས་སྟངས་གང་ཅིར་འགྱུར་བ་ཕྱིན་ཡོད།

ཁོ་མོ་ད་ཆ་རང་རིགས་མན་ཇུའི་བུ་མོ་དང་ཧན་མི་རིགས་ཀྱི་བུ་མོའི་མག་པ་དང་ལྷན་དུ། དེང་རབས་ཀྱི་སོ་ཕག་ལས་གྲུབ་པའི་ཁང་པར་གནས་སྡོད་བྱེད་པ་དང་། ཕན་ཚུན་རྒྱ་སྐད་(Mandarin)ཐོག་གླེང་མོལ་བྱེད་ཀྱི་ཡོད། གྲོང་ཚོ་དེར་མན་ཇུའི་སྲོལ་རྒྱུན་ཁྱིམ་ཚང་གི་ལུགས་སྲོལ་འཛིན་མཁན་མཐོང་རྒྱུ་མེད་ལ། སྲོལ་རྒྱུན་གྱོན་ཆས་དང་དཔེ་དེབ་ཀྱི་རིགས་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཧ་ལམ་རྩ་མེད་ཕྱིན་ཡོད།

ཀྲའོ་ཆིང་ལན་གྱིས་ཤུགས་རིང་འབྱིན་བཞིན། “ང་ཚོའི་སྡོད་གནས་དང་། གྱོན་ཆས། སྐད་ཡིག་སོགས་གང་ཅི་ད་ཆ་ཧན་མི་རིགས་དང་ཁྱད་པར་མེད་པར་གྱུར་ཟིན་པ་རེད་” ཟེར།

ལོ་འདིའི་མགོ་སྟོད་ཀྱི་ཆབ་སྲིད་གྲོས་ཚོགས་ཐེངས་གཉིས་རིང་། སྲིད་ཇུས་ལམ་སྟོན་པས་བརྒྱུད་ལམ་སྣ་ཚོགས་དང་ཤེས་ཡོན་ལམ་ལུགས་འདྲ་མིན་ཐོག འཇིག་ལ་ཉེ་བའི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད་པ་དང་། མན་ཇུའི་སྐད་ཡིག་ནི་རྩ་སྟོང་འགྲོ་ལ་ཉེ་བའི་སྐད་ཡིག་མི་འདྲ་བ་ ༡༥ ལས། བཀོལ་སྤྱོད་བྱེད་མཁན་མི་གྲངས་ ༡༠༠༠ ལས་མེད་པ་དེ་ཆགས་ཡོད།

མན་ཇུའི་མི་རིགས་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་མི་འབོར་ཆེ་ཤོས་གསུམ་པ་དེ་ཡིན། ཕྱི་ལོ་ ༡༦༤༤ ལོར་མན་ཇུས་རྒྱ་ནག་ཡོངས་ལ་དབང་སྒྱུར་གྱིས་ཆིང་རྒྱལ་རབས་མགོ་ཚུགས་པ་དང་། ཕྱི་ལོ་ ༡༦༡༡ བར་ལོ་ངོ་ ༣༠༠ མ་ཟིན་ཙམ་རིང་མན་ཇུའི་སྐད་ཡིག་རྒྱ་ནག་རྒྱལ་ཡོངས་ཀྱི་གཞུང་ཡིག་ཏུ་གྱུར་བ་རེད། སྐད་ཡིག་གཞན་དང་བསྡུར་ན་ལོ་རྒྱུས་ཀྱི་རྒྱབ་རྟེན་བཟང་བའི་སྐད་ཡིག་དེ་ཡང་ད་ཆ་རྩ་སྟོང་འགྲོ་ལ་ཉེ་བ་ཆགས་ཡོད། མན་ཇུའི་མི་རབས་གསར་པ་རྣམས་ཀྱིས་རང་སྐད་སྦྱོང་རྒྱུ་ནི་ཁེ་ཕན་མེད་པ་དང་ལག་ལེན་དངོས་དང་མི་མཐུན་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཕྱི་ལོ་ ༡༨༠༠ ཙམ་ནས་རྒྱ་ནག་གི་མི་འབོར་ཆེ་ཤོས་ཧན་མི་རིགས་དང་འབྲེལ་ལམ་དམ་ཟབ་ཡོང་ཕྱིར། མན་ཇུ་བ་མང་པོས་རྒྱ་སྐད་སྦྱོང་མགོ་བཙུགས་པ་རེད། ཕྱི་ལོ་ ༡༩༥༠ ཙམ་ནས་ལོ་ངོ་བཅུ་ཕྲག་འགའ་ཞིག་རིང་རྒྱ་ནག་གཞུང་གིས་རྒྱ་ཡིག་བཀོལ་སྤྱོད་དང་། སྐད་ཡིག་གཅིག་གྱུར་ལམ་ལུགས་ཐོག་ཤུགས་སྣོན་བརྒྱབ་པར་བརྟེན། མན་ཇུ་མི་རིགས་ས་ཡ་ ༡༠ ཁྲོད་ནས་ཕ་མེས་ཀྱི་སྐད་ཡིག་འབྲི་ཀློག་ཤེས་མཁན་ཉུང་ཤས་ཤིག་ལས་མེད་པར་གྱུར། ཕྱི་ལོ་ ༢༠༠༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མན་ཇུའི་སྐད་ཡིག་གི་གནས་བབ་ཧ་ཅང་ཛ་དྲག་ཅན་དུ་གྱུར་བའི་ཁྱབ་བསྒྲགས་ཀྱང་བྱས་ཡོད་པ་རེད།

མན་ཇུའི་སྐད་ཡིག་བདེ་བླག་ངང་བཀོལ་སྤྱོད་བྱེད་མཁན་མང་ཆེ་བ་རྒྱ་ནག་གི་བྱང་ཤར་ས་ཁུལ་དུ་ཡོད། ལྷག་པར་དུ་ཆི་ཆི་ཧར་(Qiqihar)གྲོང་ཁྱེར་ནས་ཀི་ལོ་མི་ཊར་ ༩༠ སར་ཆགས་པའི་སན་ཅཱ་ཙེ་གྲོང་ཚོ་ནི། ཕྱི་ལོ་ ༡༦༨༩ ལོར་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་དང་། གྲོང་ཚོ་དེར་ཕྱིའི་ཤུགས་རྐྱེན་མ་ཐེབས་པའི་རྐྱེན་གྱིས། ཕ་མེས་ཀྱི་སྐད་ཡིག་གཅེས་སྲུང་བྱེད་ཐུབ་པ་བྱུང་ཡོད། འོན་ཀྱང་དེ་བྱིངས་མན་ཇུའི་མི་རིགས་རྒྱ་ནག་གི་ས་གནས་གང་སར་གནས་སྡོད་བྱེད་ཀྱི་ཡོད་པས་ཕ་མེས་ཀྱི་སྐད་ཡིག་གཏན་བྲལ་དུ་གྱུར་ཡོད།

སན་ཅཱ་ཙེ་ཞེས་པ་རྒྱ་སྐད་ཀྱི་ཐ་སྙད་ཅིག་ཡིན་ཞིང་། དེའི་དོན་ནི་ནང་མི་གསུམ་ཟེར་བ་རེད། གྲོང་ཚོའི་མི་མང་ཆེ་བ་རུས་མིང་ཅིའི་དང་། མིང་། ཀྲའོ་བཅས་གསུམ་གྱི་རྒྱུད་པ་ལས་ཆད་པ་ཡིན་པ་དང་། གཞུང་འབྲེལ་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ལྟར་ན། མི་གྲངས་ ༡༡༠༠ ལས་གྲུབ་པའི་སན་ཅཱ་ཙེ་གྲོང་ཚོའི་མི་འབོར་བརྒྱ་ཆ་ ༦༥ མན་ཇུའི་མི་རིགས་ཡིན་པ་རེད། ཀྲའོ་ཆིང་ལན་ཆུང་དུས་སྐབས་རང་ཉིད་ཀྱི་ཕ་མ་ཟུང་དང་། པོ་པོ་རྨོ་མོ་ལྷན་དུ་མན་ཇུའི་སྐད་ཡིག་ཁོ་ནའི་ཐོག་གཏམ་གླེང་བྱེད་ཀྱི་ཡོད།

འོན་ཀྱང་ཁོ་མོ་ཕྱི་ལོ་ ༡༩༥༠ ནང་སློབ་གྲྭར་འགྲོ་མགོ་བཙུགས་པ་ནས་བཟུང་གནས་སྟངས་གང་ཅིར་འགྱུར་བ་ཕྱིན་པ་རེད། རྒྱ་ནག་ཏུ་གཞུང་འབྲེལ་ཐོག་ངོས་འཛིན་བྱེད་པའི་མི་རིགས་ ༥༦ ཡོད་པ་དང་། མི་རིགས་མང་པོར་རང་ཉིད་ཀྱི་སྐད་ཡིག་ཡོད། མི་རིགས་བྱེ་བྲག་པར་མི་དབང་བའི་སྐད་རིགས་མི་འདྲ་བ་ཡང་དུ་མ་ཡོད་པ་རེད། རྒྱ་ནག་རྒྱལ་ཡོངས་སུ་འབྲེལ་ལམ་སྟབས་བདེ་ཡོང་ཕྱིར། དབུས་སྲིད་གཞུང་གིས་ཕྱི་ལོ་ ༡༩༥༦ ལོར་རྒྱ་སྐད་དར་སྤེལ་གཏོང་མགོ་བཙུགས་པ་དང་། རྒྱ་ཡིག་རྒྱལ་ཁབ་ཀྱི་ཚད་ལྡན་སྐད་ཡིག་ཏུ་གཏན་འབེབས་བྱས་པ་རེད།

ཀྲའོ་ཆིང་ལན་གྱིས། “ང་སློབ་གྲྭར་སློབ་འཇུག་བྱས་པའི་རྗེས། ནང་དུ་རྒྱ་སྐད་ཐོག་གཏམ་གླེང་བྱེད་ཀྱི་ཡོད། རིམ་པས་ནང་མི་ཚོས་ཀྱང་ང་དང་ལྷན་དུ་རྒྱ་སྐད་ཐོག་གཏམ་གླེང་བྱེད་མགོ་བཙུགས་པ་རེད།” ཟེར། ཁོ་མོས་མི་ཚོགས་ཆེ་སར་མན་ཇུའི་སྐད་ཡིག་ཐོག་གླེང་མོལ་བྱས་ན། མཐོང་ཆུང་དང་ཁྱད་གསོད་བྱེད་པར་དོགས་ཏེ་རྒྱ་སྐད་ཁོ་ན་ལས་སྤྱོད་ཀྱི་མེད་པ་རེད།

ཕྱི་ལོ་ ༡༩༧༠ ཙམ་གྱི་བར་མན་ཇུའི་སྐད་ཡིག་ནི་སན་ཅཱ་ཙེ་གྲོང་ཚོར་བཀོལ་སྤྱོད་བྱེད་པའི་སྐད་ཡིག་གཙོ་བོ་དེ་ཡིན། འོན་ཀྱང་རྒྱ་ནག་ཤར་ཕྱོགས་ཧྲན་ཏུང་ཞིང་ཆེན་གྱི་རྒྱ་རིགས་ཕོན་ཆེ་གྲོང་ཚོ་དེར་གནས་སྤོ་དང་། མན་ཇུ་བ་དང་རྒྱ་རིགས་ནང་ཁུལ་གཉེན་སྒྲིག མན་ཇུ་བས་རྒྱ་རིགས་དང་ལྷན་དུ་རྒྱ་སྐད་བཀོལ་སྤྱོད་སོགས་ལ་བརྟེན། མན་ཇུའི་སྐད་ཡིག་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་གྱུར་བ་རེད།

ལོ་ན་ ༥༢ ལ་སོན་པའི་སན་ཅཱ་ཙེ་གྲོང་ཚོའི་མགོ་དཔོན་མིང་ཡང་ཅཱི་ཡིས། རྒྱ་རིགས་བུད་མེད་ཅིག་དང་ལྷན་དུ་ཕྱི་ལོ་ ༡༩༨༤ ལོར་གཉེན་སྒྲིག་བྱས་པ་དང་། ཁོ་མོ་དང་ལྷན་དུ་གཏམ་གླེང་མང་ཆེ་བ་རྒྱ་སྐད་ཐོག་བྱེད་ཀྱི་ཡོད། གལ་ཏེ་རང་ཉིད་ཀྱི་བཟའ་ཟླ་ཉེ་འགྲམ་དུ་ཡོད་སྐབས། ཡུལ་མི་དང་ལྷན་དུ་མན་ཇུའི་སྐད་ཐོག་གཏམ་གླེང་བྱས་ཚེ། ཁོ་མོས་རང་ཉིད་ལ་ཅི་ཞིག་གསང་བ་བྱེད་པའི་དོགས་པ་བྱེད་པ་དང་། བཟའ་མི་གཉིས་ཀྱི་བུའི་ཨ་མ་རྒྱ་རིགས་ཡིན་པར་བརྟེན་མན་ཇུའི་སྐད་ཡིག་སྦྱོང་འདོད་མི་བྱེད་པས། དུས་རྟག་ཏུ་བུ་དང་ལྷན་དུ་རྒྱ་སྐད་ཁོ་ན་སྤྱོད་དགོས་ཀྱི་ཡོད།

ཕྱི་ལོ་ ༢༠༡༧ ལོར་མན་ཇུའི་སྐད་ཡིག་ཞིབ་འཇུག་མཁས་ཅན་ཞིག་གིས། ལོ་བཅུའི་ནང་ཚུད་སྐད་ཡིག་དེ་རྩ་སྟོང་འགྲོ་བའི་སྔོན་དཔག་བྱས་ཡོད། འོན་ཀྱང་སན་ཅཱ་ཙེ་གྲོང་ཚོར་ད་ལྟའང་བཀོལ་སྤྱོད་བྱེད་ཀྱིན་ཡོད། ལོ་རྒན་ ༨༦ ལ་སོན་པའི་མགོ་དཔོན་མིང་ཡང་ཅཱི་ཡི་ཕས། “ངའི་ཕྲུ་གུ་དགུ་ལས་རྒན་པ་གསུམ་གྱིས་ཕ་མེས་ཀྱི་སྐད་ཡིག་བདེ་བླག་ངང་བཀོལ་སྤྱོད་ཐུབ་པ་དང་། གཞོན་པ་རྣམས་ཀྱིས་ཕྲན་བུ་ལས་ཤེས་ཀྱི་མེད་” ཅེས་དང་། “གྲོང་ཚོའི་ནང་རང་ཉིད་ལྟར་མན་ཇུའི་སྐད་ཡིག་ཡག་པོ་ཤེས་མཁན་ག་ཚོད་ཡོད་མེད་གྲངས་འདྲེན་བྱེད་ཐུབ་པ་མ་ཟད། རང་ཉིད་ཀྱི་སྐད་ཡིག་ཀྱང་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་མི་ཐུབ་པའི་ཁར། སྐད་ཡིག་ཚད་ལྡན་ཤེས་མཁན་ཚང་མ་སྔ་ས་ནས་གྲོངས་ཟིན་པ་རེད། དེས་ན་མི་རིང་བར་ཕ་མེས་ཀྱི་སྐད་ཡིག་རྩ་བརླག་ཏུ་འགྲོ་ངེས་ཡིན་” ཟེར།

མགོ་དཔོན་མིང་གིས་གྲངས་ཉུང་མི་རིགས་གཞན་དང་འདྲ་བར་མན་ཇུའི་སྐད་ཡིག་ལ་སྲིད་གཞུང་གིས་བདག་སྤྲོད་མ་བྱས་པའི་བསྙོན་འཛུགས་བྱེད་ཀྱི་ཡོད། “གལ་ཏེ་བོད་ཀྱི་སྐད་ཡིག་བཞིན་སྲིད་གཞུང་གིས་མན་ཇུའི་སྐད་ཡིག་ལ་ངོས་འཛིན་བདག་སྤྲོད་བྱས་ཡོད་ན། ད་གཟོད་སྐད་ཡིག་དེ་སྲུང་སྐྱོབ་བྱེད་རྒྱུ་དཀའ་བ་དང་། བརྒྱུད་སྤྲོད་བྱེད་རྒྱུ་ཁག་པོ་དེ་འདྲ་ཆགས་མི་སྲིད་པ་ཞིག་རེད་” ཟེར།

ཉེ་བའི་ལོ་ཤས་ནང་དབུས་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞི་མགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ བར་བོད་དང་ཤིན་ཅང་། སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་བོད་རིགས་ཀྱི་ས་ཁུལ་ཁག་བཅས་ཀྱི་དམའ་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭའི་བར། སྐད་གཉིས་སློབ་གསོ་ལག་བསྟར་རྒྱུན་སྐྱོང་བྱེད་པའི་འཆར་གཞི་འདིང་བཞིན་ཡོད།

སན་ཅཱ་ཙེ་གྲོང་ཚོར་ཡང་ས་གནས་སྲིང་གཞུང་གིས་མན་ཇུའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད། འོན་ཀྱང་ལས་གཞི་དེ་བཞིན་འཆར་གཞི་ལྡན་པ་ཞིག་མིན། ཕྱི་ལོ་ ༢༠༡༠ ལོར་ས་གནས་གཞུང་གིས་མན་ཇུའི་སྐད་ཡིག་ཤེས་ཚད་གང་ལེགས་ཡོད་པའི་མི་རབས་རྒན་གྲས་ ༡༦ སྐད་ཡིག་ལམ་སྟོན་པར་འདེམས་སྒྲུག་བྱས་པ་དང་། ཕྱི་ལོ་ ༢༠༡༢ ལོར་སླར་ཡང་ལམ་སྟོན་པ་གསུམ་བདམས་ཡོད། ཁོ་ཚོར་ལོ་རེར་གླ་ཕོགས་སྒོར་ ༢༤༠༠ ཙམ་སྟེ། ལོ་རེའི་ཡོང་འབབ་ཀྱི་བཞི་ཆ་གཅིག་ཙམ་སྤྲད་དེ། གྲོང་ཚོའི་སྐད་ཡིག་ཁང་དུ་རྒྱུན་གཏན་ཕན་ཚུན་ཐུག་འཕྲད་དང་། མན་ཇུའི་སྐད་ཐོག་གླེང་མོལ། དོན་གཉེར་ཅན་གྱི་གྲོང་ཚོའི་མི་རྣམས་ལ་རོགས་རམ་བྱེད་པ་སོགས་བྱེད་ཀྱི་ཡོད།

ཀྲའོ་དང་མིང་གཉིས་ནི་ད་ཡོད་ཀྱི་སྐད་ཡིག་ལམ་སྟོན་པ་རྒན་གྲས་གཉིས་ཡིན། ལམ་སྟོན་པ་དགུ་ལས་འགུལ་མགོ་འཛུགས་བྱས་པའི་རྗེས་རིམ་པས་འདས་གྲོངས་ཕྱིན་པ་རེད། ཀྲའོ་ཡིས་རང་ཉིད་ཀྱི་ཕྲག་སྟེང་དུ་གྲོང་ཚོའི་མི་རབས་གཞོན་པ་ཚོར་སྐད་ཡིག་ལམ་སྟོན་གྱི་འོས་འགན་ལྕི་མོ་ཡོད་པ་ཤེས་ཀྱང་། གཞོན་སྐྱེས་ཚོས་དོན་གཉེར་མི་བྱེད་པར་བརྟེན་ཅི་བྱ་གཏོལ་མེད་དུ་གྱུར་ཡོད།

སན་ཅཱ་ཙེ་གྲོང་ཚོ་ལོ་ངོ་བཅུ་ཕྲག་འགའི་རིང་འགྱུར་བ་ཆེན་པོ་ཕྱིན་ཡོད། དེ་སྔོན་སྒོ་ཕྱུགས་ལ་བརྟེན་ནས་འཚོ་བའི་གྲོང་ཚོ་དེ་ད་ཆ་འབྲས་ཞིང་ཐོན་སྐྱེད་ཀྱི་ལས་ལ་བྲེལ་བཞིན་ཡོད། ཉེ་འཁོར་གྱི་གྲོང་ཚོ་གཞན་དང་བསྡུར་ན་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་པ་དང་། དེང་རབས་ཀྱི་འཛིན་ཆས་དང་དྲ་རྒྱའི་མཐུན་རྐྱེན་ཡང་ཡོད། འོན་ཀྱང་གྲོང་ཚོའི་ལས་དོན་དངོས་ནི་ཞིང་ལས་ལ་བརྟེན་ཏེ་འཚོ་བཞིན་ཡོད།

སྐད་ཡིག་ལམ་སྟོན་པ་རྣམས་ལོ་རྒན་ ༦༠ བརྒལ་བ་ཤ་སྟག་ཡིན་ཡང་། ཞིང་ལས་ཀྱི་བྲེལ་ཟིང་ཆུང་བའི་དུས་སུ་ཡང་ཡང་ལྷན་འཛོམས་ཀྱིས། མི་རིགས་ཀྱི་ངོ་བོ་དང་རིན་ཐང་སྲུང་སྐྱོབ་ཀྱི་ལས་ལ་འབད་བཞིན་ཡོད། འོན་ཀྱང་ཁོ་ཚོའི་ལས་དོན་དངོས་ཞིང་ལས་ཐོན་སྐྱེད་དང་ནང་མིར་བདག་སྐྱོང་བྱེད་རྒྱུ་དེ་ཡིན་པ་རེད།

སན་ཅཱ་ཙེ་གྲོང་ཚོའི་གཞོན་སྐྱེས་མང་ཆེ་བ་གྲོང་ཚོར་ཞིང་ལས་བྱེད་རྒྱུ་དང་། ཡང་ན་གྲོང་ཁྱེར་ཁག་ཏུ་ལས་ཀ་བྱེད་པར་འགྲོ་བའི་གདམ་ག་གཉིས་རང་ཡོད། མན་ཇུའི་སྐད་ཡིག་ནི་དབྱིངས་ལས་དང་དགའ་སྣང་ཙམ་གྱི་ཆེད་དུ་སྦྱོང་བའམ། ཡང་ན་ལས་དོན་དངོས་འཐུར་ཤོར་གཏོང་བའི་གཞི་རུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

འོན་ཀྱང་ལོ་ན་ ༤༠ སོན་པའི་སྐུ་ཞབས་ཧྲི་ཅུང་ཀོང་(Shi Junguang)ནི་གཞན་དང་མི་འདྲ་བ་ཞིག་ཡིན། ཁོ་པ་ཆུང་དུས་འཛིན་རིམ་དྲུག་པ་འགྲིམ་པའི་སྐབས། སློབ་གྲྭ་དེས་སྐབས་རེ་མན་ཇུའི་སྐད་ཡིག་སྦྱོང་བའི་གོ་སྐབས་སྐྲུན་གྱི་ཡོད། དུས་མཚམས་དེར་ཁོ་པས་མན་ཇུར་ཡིག་གཟུགས་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་བ་དང་། པིར་གྱིས་འཁྱུག་པོར་གཡོན་ཕྱོགས་ནས་གཡས་ཕྱོགས་དང་། སྟེང་ནས་ཤོད་དུ་འབྲི་བའི་ཡིག་གཟུགས་དེ་མཐོང་བ་རེད།

ཁོ་པས། “མན་ཇུའི་ཡིག་གཟུགས་ནི་འཇམ་ཤ་དོད་ལ་བརྗིད་ཉམས་དོད་པ་ཞིག་ཡིན་པས། མཛེས་ལྡུག་ལྡན་པའི་རི་མོ་ལྟ་བུ་ཡོད།” ཟེར། སྐད་ཡིག་དེའི་གལ་ཆེའི་རང་བཞིན་ཤེས་རྟོགས་ཀྱིས། ཁོ་པས་མི་རབས་གསར་པར་བརྒྱུད་སྤྲོད་བྱེད་པའི་རོགས་ཟླར་མཉམ་ཞུགས་བྱེད་པའི་ཁས་ལེན་བྱས་ཡོད། འོན་ཀྱང་གྲོང་ཚོའི་མི་མང་པོས་ཁོ་པའི་མཐོ་རིམ་ཤེས་ཡོན་གྱི་ཆུ་ཚད་གྲོང་གསེབ་ཆུང་ངུ་དེར་ཆུད་ཟོས་སུ་འགྲོ་བའི་བཤོལ་འདེབས་བྱེད་ཀྱི་ཡོད།

འོན་ཀྱང་ཧྲི་ཅུང་ཀོང་གིས་ཉིན་མོར་ཞིང་ལས་ཀྱི་བྱ་གཞག་སྒྲུབ་པ་དང་། མཚན་མོ་རང་ཉིད་ཀྱི་རྨོ་བོ་ལས་མན་ཇུའི་སྐད་སྦྱོང་བརྡར་བྱེད་ཀྱི་ཡོད། ཁོ་པའི་ནང་མི་ནི་སན་ཅཱ་ཙེ་གྲོང་ཚོར་མི་རབས་བཞི་མཉམ་སྡོད་བྱེད་པའི་མི་ཚང་ཉུང་ཤས་ནང་གི་གཅིག་ཡིན། ཞར་དང་ཞོར་དུ་སྐད་ཡིག་སྦྱོང་བརྡར་བྱེད་ཕྱིར་རྨོ་བོ་དང་རང་ཉིད་ཀྱི་གླེང་མོལ་སྒྲ་འཇུག་བྱེད་པ་མ་ཟད། མི་སྣ་རྒན་གྲས་དགོང་ཟས་ལ་གདན་ཞུ་བྱས་ཏེ་ཕན་ཚུན་གཏམ་གླེང་བྱེད་ཀྱི་ཡོད།

ཧྲི་ཅུང་ཀོང་གིས། “སྐད་ཡིག་ནི་རྒྱལ་ཁབ་ཀྱི་ལྡེ་མིག་ལྟ་བུ་ཡིན། རྨོངས་འཆར་གྱིས་ཁེངས་བའི་གྲོང་མི་རྣམས་ལ་བརྗོད་རྒྱུར། གལ་ཏེ་ངས་རང་སྐད་ཀྱི་་ཆེད་ནུས་པ་འདོན་ཐུབ་པ་མ་བྱུང་ན། རིན་ཐང་བྲལ་བའི་སྐད་ཡིག་དེ་ང་ཚོའི་མིག་མདུན་དུ་འཇིག་རྒྱུ་ཡིན་པ་སྨོས་མེད་ཡིན།” ཟེར།

དབུས་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་རིག་གནས་གོང་སྤེལ་གྱི་འབོད་སྒྲ་བསྒྲགས་པར་བརྟེན། སན་ཅཱ་ཙེར་ཕྱི་ལོ་ ༢༠༠༦ ལོར་གཞུང་འབྲེལ་མན་ཇུའི་དམའ་རིམ་སློབ་གྲྭ་ཐོག་མ་དེ་རྩ་འཛུགས་བྱས་པ་དང་། ཧྲི་ཅུང་ཀོང་སློབ་གྲྭའི་དགེ་རྒན་དུ་གྱུར་བ་རེད། འཛིན་གྲྭ་དང་པོ་ནས་དྲུག་པ་བར་གྱི་སློབ་ཕྲུག་ཚང་མས་བདུན་ཕྲག་རེར་མན་ཇུའི་སྐད་ཡིག་ཚོགས་ཐུན་གཉིས་རེ་སྦྱོང་བཞིན་ཡོད།

འོན་ཀྱང་ལོ་བཅུ་ཙམ་སློབ་གཉེར་བྱས་རིང་སློབ་ཕྲུག་འགའ་ཞིག་གིས་གཏམ་གླེང་གནས་ཚད་ལྡན་པ་བྱེད་ཐུབ་ཀྱི་ཡོད། སློབ་ཕྲུག་རྣམས་ལ་རང་ཁྱིམ་དུ་གཏམ་གླེང་བྱེད་པའི་ཁོར་ཡུག་མེད་པ་དང་། ཕ་མ་འགའ་ཞིག་གིས་དོ་ཁུར་དང་རྒྱབ་སྐྱོར་བཟང་ཡང་། འགའ་ཞིག་གིས་རྒྱ་ཡིག་དང་། ཨང་རྩིས། དབྱིན་ཇི་བཅས་ལ་གཙོ་ཆེར་དོ་སྣང་བྱེད་འཇུག་གི་ཡོད།

སན་ཅཱ་ཙེ་ས་གནས་སྲིད་གཞུང་གིས་མན་ཇུའི་སྐད་ཡིག་གོང་སྤེལ་གཏོང་བའི་ཐབས་ཤེས་གང་ཡོད་བྱས་པར་ངོས་འཛིན་བྱེད་པ་དང་། ཧྥུ་ཡུ་རྫོང་(Fuyu County)གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ངེས་སྟོན་པ་གཞོན་པ་བྷེ་ཕིང་གིས། “འབྱུང་འགྱུར་མན་ཇུའི་སྐད་ཡིག་གི་གནས་བབ་གང་འདྲ་ཞིག་ཏུ་འགྱུར་མིན་གཙོ་ཆེར་མན་ཇུའི་མི་རིགས་ཁོ་ནར་རག་ལུས་ཡོད་པ་དང་། སྐད་ཡིག་བརྒྱུད་སྤྲོད་བྱེད་ཐུབ་མིན་ཡང་མན་ཇུ་བའི་རང་ཁྲིམས་རང་གཅེས་ལ་རག་ལུས་པ་ལས། ང་ཚོ་ཕྱི་མིས་དམ་བསྒྲགས་ཆེན་པོ་བྱེད་ཐུབ་པ་ཞིག་མིན།” ཞེས་བརྗོད།

ཧྲི་ཅུང་ཀོང་གིས་ཀྱང་། “སན་ཅཱ་ཙེ་གྲོང་ཚོ་ཁོ་ནས་རང་སྐད་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་མ་ཡིན་པར། རྒྱ་ནག་ནང་གི་མན་ཇུ་བ་ས་ཡ་བཅུ་པོས་ཧུར་སྐྱེད་ཀྱིས་སློབ་སྦྱོང་དང་དོན་གཉེར་བྱེད་དགོས་པ་ཡིན་” ཟེར།

རྒྱ་ནག་བྱང་ཤར་ཅི་ལིན་ས་ཁུལ་ཅང་ཅུང་མཐོ་སློབ་ཀྱི་མན་ཇུའི་སློབ་དཔོན་ལུའུ་ཕིན་(Lu Ping)ལགས་ཀྱིས། ལོ་ངོ་བཅུ་ཕྲག་རིང་མན་ཇུའི་སྐད་ཡིག་ཐོག་ཞིབ་འཇུག་བྱས་མཐར། སྐད་ཡིག་དེ་རྒྱ་ནག་རྒྱལ་ཡོངས་སུ་རྩ་སྟོང་འགྲོ་ངེས་ཡིན་པ་དང་། སྟབས་ལེགས་པར་ཆིང་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ཡིག་སྒྱུར་བྱེད་མུས་ཡིན་སྐོར་བརྗོད་ཡོད།

ལུའུ་ཕིན་གྱིས་རྒྱལ་ཡོངས་སུ་མན་ཇུའི་སྐད་ཡིག་དར་རྒྱས་ཀྱི་ཡིད་ཆེས་རྩ་བ་ནས་བྱེད་ཀྱི་མེད་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་དང་མི་མཐུན་པ་ཞིག་ཡིན་པ་མ་ཟད། ཆིང་རྒྱལ་རབས་ཀྱི་དུས་སྐབས་མིན་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད།

“འོན་ཀྱང་དམའ་རིམ་སློབ་གྲྭ་ཁག་ནས་མཐོ་སློབ་བར་མུ་འཐུད་ལམ་སྟོན་བྱས་ན་མི་མང་པོས་དོན་གཉེར་བྱེད་པའི་གཞིར་འགྱུར་བ་དང་། མན་ཇུའི་མི་རབས་རྒན་པ་རྣམས་ཀྱི་ལམ་སྟོན་དང་སློབ་ཕྲུག་གི་དོན་གཉེར་ཟུང་དུ་སྦྲེལ་ཐུབ་ན། རྩྭ་སྐམ་པོ་ཇི་ཙམ་མང་བ་དེ་ཙམ་གྱིས་མེ་འབར་ཤུགས་ཆེ་བ་ལྟར་གོང་འཕེལ་འགྲོ་ངེས་ཡིན་”ཟེར།

མ་རྩོམ་འབྲེལ་ཐག http://www.sixthtone.com/news/1000272/manchu%2C-once-chinas-official-language%2C-could-lose-its-voice

བསྐྱར་བཅོས།: ༢༠༡༧/༠༦/༠༥

Leave a Reply

3 thoughts on “མན་ཇུའི་སྐད་ཡིག འཇིག་ལ་ཉེ་བའི་དེ་སྔའི་རྒྱ་ནག་གི་གཞུང་ཡིག

  1. ན་ག་སངས་རྒྱས་བསྟན་དར།

    ཐུགས་རྗེ་ཆེ།

    བོད་ཀྱི་གཏམ་དཔེར། གཞན་གྱིས་ཅི་ཟེར་ལ་མ་ཉན། གཞན་གྱིས་ཅི་བྱེད་ལ་ལྟོས། ཞེས་པའི་སྟེང་དུ་དེ་རིང་། གཞན་ལ་ཅི་བྱུང་ལ་ལྟོས། རང་ལ་ཡང་དེ་ལྟར་འོང་སྲིད་པ་རེད་དོ་བོད་མི་ཚོ་གལ་ཏེ་རང་གི་རང་གི་སྐད་ཡིག་ལ་དོ་སྣང་མུ་མཐུད་ནས་སློབ་སྦྱོང་དང་དོན་གཉེར། བརྒྱུད་སྤེལ་བྱེད་མ་ཐུབ་ན། ན་གས་ཕུལ།།