ཁྱོད་ཚོས་སེམས་ཁམས་རིག་པའི་རྣམ་གཞག་གང་འཚམ་ཤེས་པ་བྱས་ཏེ་སེམས་ཀྱི་ཞི་བདེ་འཚོལ་དགོས།

དེ་རིང་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་འཛམ་གླིང་གི་དཀའ་རྙོག་ཚང་མ་མིའི་སེམས་ཁམས་ལས་ཡོང་གི་ཡོད་པ་དང་། སེམས་ཁམས་ཞི་ཞིང་དུལ་བ་ཞིག་བྱུང་ན་རང་གཞན་རོགས་གསུམ་སྐྱིད་པོ་ཡོང་བ་དང་། སེམས་འཁྲུགས་ན་རང་གཞན་འཛམ་གླིང་ཧྲིལ་བོ་ཕམ་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་ཆགས་ཀྱི་ཡོད་སྐོར་སོགས་ཀྱི་བཀའ་གནང་།

དེ་རིང་སྔོ་དྲོའི་ཆུ་ཚོད་ ༨ སྟེང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དྷ་སྟེང་བོད་ཁྱིམ་ནང་ཆོས་གོ་སྒྲིག་ཚོགས་ཆུང་དང་། དྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་ཐུན་མོང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆེད་དམིགས་ཀྱི་ཉིན་གསུམ་རིང་གི་ནང་ཆོས་ངོ་སྤྲོད་ཐེངས་ ༡༡ པ་དེ་དབུ་འཛུགས་གནང་སོང་།

ནང་ཆོས་ངོ་སྤྲོད་དབུ་འཛུགས་སྟེང་སློབ་གྲྭ་ཁག་གི་སློབ་ཕྲུག་དང་བཞུགས་སྒར་ཁུལ་གྱི་མི་མང་། དེ་བཞིན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཞུ་བ་བཅས་མི་མང་ ༨༦༠༠ ལྷག་འཛོམས་འདུག ལས་རིམ་གྱི་ཐོག་མར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ ༥༤ ཡིས་བློ་རིག་གི་སྡོམ་ངག་འདོན་སྦྱན་འབུལ་ཞུས་རྗེས། དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ནང་པའི་རིག་ལམ་དང་ཚན་རིག་ལྟ་གྲུབ་འཛིན་གྲྭའི་སློབ་མ་ཁག་ཅིག་གིས་ཤེས་བྱ་ཡུལ་གྱི་རྣམ་བཞག་དང་ཐལ་འགྱུར་སོགས་རྩོད་པ་གནང་སོང་།

ཉིན་གསུམ་རིང་གི་ནང་ཆོས་ངོ་སྤྲོད་སྟེང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་སྩལ་རྒྱུ་ཡིན་པ་དང་། ཉིན་དང་པོའི་དབུ་འཛུགས་སྟེང་། ༧གོང་ས་མཆོག་གིས་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༡ བར་ནང་ཆོས་ངོ་སྤྲོད་དང་དྲི་བ་དྲིས་ལན་སོགས་གནང་རྗེས། དགེ་བཤེས་ཁག་ཅིག་དབུ་བཞུགས་ཐོག་༧གོང་ས་མཆོག་གི་བཀའ་སློབ་ཐོག་བགྲོ་གླེང་གནང་རྒྱུ་དང་། ཉིན་རྒྱབ་སྐུ་བཅར་ཡང་སྟེང་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་ཐོག་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་རིམ་བསྒྲིགས་འདུག

བཀའ་ཆོས་དབུ་འཛུགས་སྐབས་སློབ་ཕྲུག་ཚོས་ཚད་མ་རྩོད་རྒྱུགས་སྤྱན་འབུལ་ཞུས་པ་དང་འབྲེལ་ཏེ། ༧གོང་ས་མཆོག་གིས་མིའི་སེམས་ཁམས་དང་བློ་རིག་གི་རྣམ་བཞག་སྐོར་གསུངས་དོན། འཛམ་བུ་གླིང་འདིའི་སྒང་ལ་རྙོག་དྲ་ཡོང་གི་ཡོད་པ་ཚང་མའི་རྩ་བ་དེ་སེམས་འཁྲུགས་ནས་འུ་ཐུག་སྐབས་མི་གསོད་རེས་གཏོང་བ་དང་། ཡང་ན་ཕྱོགས་ལྷུང་འཛིན་པ་དེ་འདྲ་ཡོང་གི་ཡོད་པ་དང་། མིས་བཟོས་པའི་དཀའ་ངལ་དེ་དག་སེམས་འཁྲུགས་པའི་རྐྱེན་གྱིས་ཡོང་གི་ཡོད་པ་གསལ་བོ་རེད། སེམས་འཁྲུགས་ནས་བཟི་སྨན་ཟ་བ་དང་། ཉལ་ཐ་འཐེན་པ་སོགས་ཀྱིས་འཕྲལ་སེལ་སེམས་འཁྲུགས་པ་ཞི་བཞིན་ཡོད་ནའང་། ཕུགས་ལ་ཕན་ཐོགས་རྩ་བ་ནས་ཡོད་པ་མ་རེད། སེམས་འཁྲུགས་སྡོད་པ་དེ་ནི། སེམས་ནང་གི་ཞེ་སྡང་དང་ང་རྒྱལ། ཕྲག་དོག་དང་སྡང་སེམས་བཅས་ཀྱི་རྐྱེན་པས་ཡོང་གི་ཡོད་སྟབས། སེམས་འཁྲུགས་པའི་རྒྱུ་དང་རྐྱེན་དེ་བསམ་བློའི་ནང་ནས་ཡོང་གི་ཡོད་པ་མ་གཏོགས་ཕྱི་ལོགས་ནས་ཡོང་གི་མེད་པ་དང་། སེམས་འཁྲུགས་སྡོད་པ་དེ་སེམས་མ་དུལ་བའི་ཆ་ནས་ཡོང་གི་ཡོད་སྟབས། སེམས་འཁྲུགས་པ་དེ་སེལ་ཐབས་ནི་སེམས་ཀྱི་ནང་ལོགས་ནས་ཐབས་ཤེས་བྱེད་དགོས་ཀྱི་ཡོད་པ་མ་གཏོགས་ཕྱི་ལོགས་ནས་སྨན་ཟ་བ་དང་སྨན་པར་བསྟན་པས་ཡོང་ཐུབ་ཀྱི་ཡོད་པ་མ་རེད།

དེ་ལྟར་སེམས་མ་སྐྱིད་པ་བཟོ་མཁན་དེར་སྒོ་གསུམ་གྱི་སྤྱོད་པ་མ་འདུལ་བར་མི་གསོད་རེས་དང་མི་ལ་སྙིང་རྗེ་མེད་པ། དེའི་ཐོག་ནས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཞེ་དྲགས་ཡོང་གི་ཡོད་པ་དང་། དབུལ་ཕོངས་ཚོ་ཉིན་རེར་ཧ་ལམ་ལྟོ་ཆས་ག་རེ་ཟ་དགོས་ན་བསམ་པའི་ཐོག་ནས་སྡོད་ཀྱི་ཡོད་སྟབས་དེ་སྐྱོ་བོ་ཞེ་དྲགས་འདུག མི་གཅིག་པ་རེད་དེ། མི་ཕ་རོལ་བོ་ལྟོགས་ཤི་ཐེབས་གྲབས་ཡོད་ནའང་མི་ཁ་ཤས་ཀྱིས་དེ་ལ་དོ་སྣང་མེད་པའི་བཟོ་འདྲ་བོ་ཡོང་གི་ཡོད་པ་དང་། རྒྱ་གར་ནང་ལ་ཆ་བཞག་ནའང་ (caste system) རིགས་རུས་ཀྱི་སྐད་ཆ་བཤད་དེ། སྐྱོ་བོའི་རིགས་དེ་སྐྱོ་བོ་ཞེ་དྲགས་སྡོད་ཀྱི་ཡོད་པ་དང་། སྐྱོ་བོའི་རིགས་དེ་གང་ལྟར་སེམས་དུལ་བའི་ཆ་དེ་མ་འདང་བར་སེམས་མ་དུལ་བའི་ཆ་དེ་ཤུགས་ཆེ་རུ་ཕྱིན་ཡོད་སྟབས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དཀའ་ངལ་དེ་སེལ་ཐབས་ནི་སེམས་དུལ་བའི་ཆ་དེ་གོང་འཕེལ་བཏང་བ་ཡིན་ན། སེམས་མ་དུལ་བའི་ཆ་དེ་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་རེད། དཔེར་ན། སྣང་བའི་འོད་ཤུགས་ཆེ་རུ་འགྲོ་ན་མུན་པ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བ་དང་། ཚ་དྲོད་ཕེལ་བ་ཡིན་ན་གྲང་བའི་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་ཡིན་པ་ལྟ་བུ་རེད།

ཕྱིའི་གནས་ཚུལ་ཡིན་ནའང་ཚ་རེག་འཕེལ་ན་གྲང་རེག་ཉུང་དུ་འགྲོ་བ་དང་། གྲང་རེག་འཕེལ་ན་ཚ་རེག་ཉུང་དུ་འགྲོ་བ་རེད། བློ་རིགས་ཀྱི་སྡོམ་ནང་བཤད་བཞག་པ་ལྟར། སེམས་ཀྱི་འཛིན་སྟངས་ལ་འགལ་བ་ཡོད་པའི་ཆ་ནས། སེམས་ཕན་ཚུན་ལ་འགལ་ཟླ་ཡོང་གི་ཡོད་པ་རེད། སེམས་གཟུགས་ཅན་མིན་ནའང་མྱོང་ཙམ་རེག་ཙམ་གྱི་བདག་ཉིད་ཅིག་རེད། དེའི་འཛིན་སྟངས་མ་མཐུན་པར་བརྟེན་ཏེ་འགལ་ཟླ་སླེབ་ཡོང་གི་ཡོད་སྟབས། སེམས་མ་དུལ་བའི་ཆ་ཉུང་དུ་གཏོང་ཐབས་སུ་སེམས་དུལ་བའི་ཆ་དེ་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད། དེ་ལའང་སྔོན་ལ་སེམས་དུལ་བའི་ཆ་ག་འདྲ་ཡིན་པ་དང་། དེའི་རྒྱུ་དང་རྐྱེན་ག་རེ་རེད། མ་འདུལ་བའི་སེམས་དེ་ག་འདྲ་ཡིན་པ་དང་། དེའི་རྒྱུ་དང་རྐྱེན་ག་རེ་རེད། དེ་དག་ཤེས་པ་བྱས་ནས་ཡོང་དགོས་ཀྱི་ཡོད་སྟབས། བློའི་རྣམ་བཞག་བཤད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་དུ་བློའི་རྣམ་བཞག་སྐོར་གསུངས་དོན། བློ་རིག་གི་རྣམ་བཞག་དེ་ཡིན་གཅིག་མིན་གཅིག་ཆོས་ཀྱི་གྲས་སུ་འཇོག་དགོས་དོན་མེད། ཆོས་ཀྱི་གྲས་སུ་བཞག་པ་ཡིན་ན་ཆོས་མེད་མཁན་ཚོར་འབྲེལ་བ་ཆགས་ཀྱི་ཡོད་པ་མ་རེད། ཡང་བློ་ཡི་རྣམ་བཞག་དེ་ནང་པའི་རེད་ཅེས་ལབ་པ་ཡིན་ན་ཆོས་ལུགས་གཞན་པར་འབྲེལ་བ་ཡོང་གི་མེད། དེར་བརྟེན། རྒྱ་གར་གྱི་ཕ་མེས་ནས་བརྒྱུད་པའི་ཆོས་དང་མ་འབྲེལ་བའི་སྤྱོད་བཟང་བསླབ་རྒྱུ་གལ་ཆེན་པོ་རེད། དེང་སྐབས་ངོས་ཀྱིས་འདིའི་ཐོག་ཤུགས་རྒྱག་གི་ཡོད། སེམས་ཁམས་རིག་པ་ཟེར་བ་དེ་ཆོས་ཀྱི་སྐད་ཆ་མིན་པར་མི་ཚེ་འདིར་སོ་སོའི་སེམས་སྐྱིད་པོ་ཡོང་བ་ཞིག་དང་། སོ་སོའི་ཁྱིམ་མིའི་སེམས་སྐྱིད་པོ་ཡོང་བ། སྤྱི་ཚོགས་ཀྱི་སེམས་སྐྱིད་པོ་ཡོང་བ། མཐར་ཐུག་འཛམ་བུ་གླིང་འདིའི་སྒང་གི་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་ཚང་མའི་སེམས་སྐྱིད་པོ་ཡོང་ཐབས་སུ་སེམས་ཁམས་རིག་པའི་སྐོར་བསླབ་དགོས་ཀྱི་འདུག་ཅེས་ངོས་ནས་འདི་ལྟར་རྗོད་བཞིན་ཡོད། དོ་སྣང་བྱེད་མཁན་ཕྱི་རྒྱལ་ཡུལ་ཁག་ནས་མང་པོ་ཞིག་ཡོང་གི་འདུག་ལ། རྒྱ་གར་དུའང་དོ་སྣང་བྱེད་མཁན་ཤུགས་ཇེ་ཆེར་འགྲོ་བཞིན་འདུག དེར་བརྟེན་ངོས་ནས་བློ་རིག་གི་སྡོམ་དེ་སྤྲད་ནས་ལྟ་ཀློག་བློ་འཛིན་ཐུབ་ན་ཞེས་བརྗོད་པ་ཡིན། ངོས་རང་གི་ཉམས་མྱོང་གི་ཆ་ནས་དང་། ངོས་ཀྱིས་ཚན་རིག་པ་རྣམས་དང་མཉམ་དུ་སེམས་ཁམས་རིག་པའི་སྐོར་བརྗོད་སྐབས་ངོས་ནས་བློ་སྡོམ་སྔར་བློ་འཛིན་བྱས་པ་དེས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་འདུག ཞིབ་ཚགས་ཐོག་སྐད་ཆ་དྲིས་ན་ངོས་ནས་ཁུངས་འཁྱོལ་བ་ཁག་པོ་ཡིན་པ་ལས། རགས་ཙམ་རེ་ངོས་ནས་ཤེས་ཀྱི་ཡོད་པ་དེས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་འདུག ངོས་རང་ལ་ཉམས་མྱོང་འདི་ལྟར་བྱུང་བར་བརྟེན་ང་རང་ཚོའི་སློབ་ཕྲུག་ཚོར་ཆ་མཚོན་ནའང་། ཐོག་མར་བློ་སྡོམ་བློ་འཛིན་བྱེད་པ་དང་། དེ་རྗེས་རིམ་བཞིན་སེམས་ཁམས་རིག་པའི་སྐོར་རྣམས་སློབ་ཚན་ནང་དུ་བཞག་ནས་སེམས་ཁམས་རིག་པའི་སྐོར་རྣམས་རྒྱུས་ཡོད་གང་འཚམ་ཆགས་ན། སོ་སོ་ཡིན་ནའང་སྐྱིད་པོ་ཡོང་བ་ཞིག་དང་། སོ་སོའི་ཁྱིམ་ཚང་ནང་དུའང་སྐྱིད་པོ་ཡོང་གི་རེད། གལ་གནད་ཆེ་ཤོས་ཁྱེད་རང་ཚོས་ཤེས་ཡོན་སྦྱངས་ནས་མ་འོངས་པའི་མི་རབས་རྣམས་སེམས་ཁམས་རིག་པའི་རྣམ་གཞག་གང་འཚམ་ཤེས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་མང་ཙམ་བཟོ་ཐུབ་པ་ཞིག་དགོས་པ་དེ་ང་ཚོའི་ལས་འགན་དང་། ང་ཚོའི་དམིགས་ཡུལ་རེད། དེ་ནི་ང་ཚོ་བོད་པ་དག་ལ་ཡིན་པ་ལས། དེ་མིན་འཛམ་གླིང་འདིའི་ཐོག་ཏུ་ཆོས་ལུགས་མང་པོ་ཞིག་ཡོད། འོན་ཀྱང་རྒྱ་གར་བའི་ཆོས་ལུགས་མ་གཏོགས་ཆོས་ལུགས་ཕལ་མོ་ཆེའི་ནང་དུ་ཞི་གནས་དང་ལྷག་མཐོང་སྒོམ་པའི་རྣམ་གཞག་དེ་ཙམ་མེད།

བོད་གངས་ཅན་གྱི་ལྗོངས་སུ་བོད་མི་ས་ཡ་དྲུག་ཡོད་པ་རྣམས་དངོས་གནས་ཆོས་ལ་དགའ་བོ་ཞེ་དྲགས་ཡོད་པ་དང་། ད་ལྟ་བོད་ནང་ལོགས་ལ་དཀའ་ངལ་ཞེ་དྲགས་འཕྲད་ཡོད་ནའང་སོ་སོའི་མི་རིགས་ཀྱི་ལྟ་བ་དང་སངས་རྒྱས་པའི་ཆོས་ཀྱི་དད་པ་དེ་བརྟན་པོ་ཞེ་དྲགས་སྡོད་ཀྱི་ཡོད་པ་རེད། དེ་འདྲའི་དད་པ་ཡོད་པའི་ཐོག་ལ་སློབ་སྦྱོང་བྱས་ཏེ། སངས་རྒྱས་པའི་ཆོས་ཟེར་བ་དེ་ག་འདྲ་ཡིན་པ་དེ་ལ་འགྲེལ་བཤད་མང་ཙམ་བརྒྱབ་ནས་བཤད་ཐུབ་པ་བྱུང་ན། དད་པ་དེ་ཤེས་རབས་ཀྱི་གྲོགས་དང་བཅས་པའི་དད་པ་ཆགས་འགྲོ་ཡི་ཡོད་སྟབས་དེ་ཞེ་དྲགས་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

ཉིན་གཉིས་པར་དྷ་ས་སྟོང་ལེན་སློབ་ཕྲུག་ཚོས་༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་ལས་འགུལ་སྤེལ་རྒྱུ་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཚོས་རིག་ལམ་རྩོད་རྒྱུགས་སྤྱན་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་རིམ་སྒྲིག་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༠༥

Leave a Reply

One thought on “ཁྱོད་ཚོས་སེམས་ཁམས་རིག་པའི་རྣམ་གཞག་གང་འཚམ་ཤེས་པ་བྱས་ཏེ་སེམས་ཀྱི་ཞི་བདེ་འཚོལ་དགོས།

  1. ཐོས་པ་དགའ།

    བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧ གོང་ས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེ་མི་གཤིགས་རྡོ་རྗེའི་ཁམས་བརྟན་པར་སྨོན། བོད་ཕྲུག་གཞོན་སྐྱེ་ཚོའི་མདུན་ལམ་འོད་སྟོང་ལྡན་པར་སྨོན། མ་འོངས་གངས་ཅན་པའི་སོན་རྩ་བསྲེག་གཏུབ་འཕེལ་བ་ཞིག་ཡོང་བར་སྨོན། ???