རྒྱ་ནག་གིས་བཟོས་པའི་འབར་མའི་གནམ་གྲུ་ཞིག་བོར་འདུག

རྒྱ་ནག་གིས་བཟོས་བའི་འབར་མའི་གནམ་གྲུ་ཞིག་གར་སོང་ཆ་མེད་དུ་གྱུར་ཏེ་ཁ་སང་རྙེད་ཡོད་ཀྱང་གནམ་གྲུ་དེའི་ནང་གི་འགྲུལ་བཞུད་པ་ཚོའི་གནས་སྟངས་ད་དུང་ཁ་གསལ་ཆགས་མེད།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༡་༣༥ སྟེང་འབར་མའི་དམག་གི་གནམ་གྲུ་ཨང་རྟགས་(Y-8)ཅན་གྱི་ནང་འགྲུལ་བ་ ༡༢༢ ཁྱེར་ཏེ་འབར་མའི་ལྷོ་རྒྱུད་ཀྱི་གྲོང་ཁྱེར་མཱེ་ཁུ་(Myiek)ནས་རྒྱལ་ས་ཡཱང་གཱོན་(Yangon) དུ་འཕུར་སྐབས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁ་སང་སྔ་དྲོའི་ཆུ་ཚོད་ ༨་༡༨ ཐོག་འབར་མའི་དམག་གཞུང་གིས་གནམ་གྲུ་དེའི་ཆག་རོ་འགའ་ཨམ་ཌ་མན་(Amdaman)རྒྱ་མཚོའི་ནང་ནས་རྙེད་ཡོད་པའི་གནས་ཚུལ་བསྒྲགས་ཡོད།

འབར་མའི་དམག་གི་གནམ་གྲུ་དེའི་ནང་འགྲུལ་བ་དམག་མིའི་ནང་མི་དང་ལས་བྱེད་ ༡༠༨ དང་། གནམ་གྲུའི་ཁ་ལོ་བ་ ༢ ། དེ་བཞིན། གནམ་གྲུའི་ཞབས་ཞུ་བ་ ༡༤ བཅས་ཁྱོན་བསྡོམས་མི་གྲངས་ ༡༢༢ ཡོད་པ་དང་། དེའི་ཁྲོད་དུ་བྱིས་པ་ ༡༥ ཡོད་འདུག

ཁ་སང་སྔ་དྲོར་འབར་མ་དམག་མིའི་འཚོལ་ཞིབ་ཚན་པས་ཨམ་ཌ་མན་རྒྱ་མཚོའི་ངོས་ནས་མི་གསུམ་གྱི་ཕུང་པོ་དང་གནམ་གྲུའི་འཁོར་ལོ་གཅིག འགྲུལ་བཞུད་བའི་དོས་ཆས་འགའ་བཅས་རྙེད་ཡོད་ཀྱང་། གནམ་གྲུའི་མ་ལག་གཙོ་བོ་དག་ད་དུང་རྙེད་ཐུབ་མེད་སྟབས། གནམ་གྲུ་དེའི་ནང་གི་འགྲུལ་བཞུད་བ་ཚོའི་ཤི་གསོན་གྱི་གནས་སྟངས་ཁ་གསལ་ཆགས་མེད།

བྷི་བྷི་སིའི་གསར་འགོད་པ་ཇཱོ་ན་ཧྥི་ཤཱར་(Jonah Fisher)ལགས་ཀྱིས། གལ་སྲིད་གནམ་གྲུ་དེའི་ནང་ཡོད་པའི་མི་ཚང་མ་ཤི་བ་ཡིན་ན། དེ་ནི་ད་བར་འབར་མ་རྒྱལ་ཁབ་ཀྱི་གནམ་གྲུའི་དོན་རྐྱེན་ཆེ་ཤོས་ཤིག་ཆགས་ཡོད་ཅེས་བརྗོད་ཡོད་པ་དང་།  ཐེངས་འདིའི་གནམ་གྲུ་དེར་དོན་རྐྱེན་བྱུང་དགོས་པའི་རྒྱུ་རྐྱེན་གང་ཡིན་ཁ་གསལ་མེད་ཀྱང་། ཁ་སང་འབར་མའི་གནམ་གཤིས་སྡེ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་འདི་འགར་འབར་མའི་ནང་ཆར་དུས་ཁེལ་ཡོད་ཀྱང་། དུས་སྐབས་དེར་གནམ་གཤིས་ཡག་པོ་མེད་པའི་གནས་ཚུལ་སོགས་གང་ཡང་མེད་སྟབས། མི་མང་པོ་ཞིག་གིས་གནམ་གྲུ་དེ་བཟོ་བྱེད་ཀྱི་རྒྱུ་སྤུས་ཞན་སྟབས་གནམ་གྲུར་མཁའ་དབྱིངས་ནས་ཆག་སྐྱོན་ཤོར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

འབར་མའི་དམག་གི་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། གནམ་གྲུ་ཨང་རྟགས་(Y-8)ཅན་དེ་འབར་མ་དམག་གཞུང་གིས་ ༢༠༡༦ ལོའི་ཟླ་ ༣ པའི་ནང་རྒྱ་ནག་ནས་ཉོས་ཏེ་ད་བར་ཆུ་ཚོད་༨༠༩ མ་གཏོགས་འཕུར་སྐྱོད་བྱས་མེད་པ་དང་། ཉེ་བའི་ལོ་འགའི་རིང་འབར་མའི་ནང་གནམ་གྲུའི་དོན་རྐྱེན་མི་ཉུང་བ་ཞིག་བྱུང་ཡོད་པ་དང་། ༢༠༡༦ ལོའི་ཟླ་ ༢ པའི་ནང་འབར་མའི་མཁའ་དམག་གནམ་གྲུ་ཞིག་འགས་འཐོར་བྱུང་སྟེ་འབར་མའི་མཁའ་དམག་གནམ་གྲུ་གཏོང་མཁན་རྩེ་ཕུད་ ༥ བསད་ཡོད་པ་དང་། ཡང་ཟླ་བ་འགའི་རྗེས་ནས་འབར་མ་དམག་མིའི་ཐད་འཕུར་གནམ་གྲུ་ཞིག་རྒྱལ་ས་( Nay Pyi Taw)ནས་བརྡབ་སྐྱོན་ཤོར་ཏེ་ལས་བྱེད་ ༣ བསད་པའི་གནས་ཚུལ་བྱུང་ཡོད། ༢༠༡༢ ལོར་འབར་མའི་ཚོང་འབྲེལ་རྟགས་ཅན་(Bagan)གནམ་གྲུར་ཆག་སྐྱོན་བྱུང་སྟེ་ཛ་དྲག་ཐོག་གནམ་ཐང་ཞིག་ལ་མར་འབབ་དགོས་བྱུང་ཡོད་པ་དང་། དེ་མ་ཐག་མེ་འབར་ཏེ་མི་གཉིས་བསད་ཡོད་འདུག

 

བསྐྱར་བཅོས།: ༢༠༡༧/༠༦/༠༩

Leave a Reply

One thought on “རྒྱ་ནག་གིས་བཟོས་པའི་འབར་མའི་གནམ་གྲུ་ཞིག་བོར་འདུག

 1. གཞུང་པ་ཚེ་དབང་བསོད་ནམས་

  ལས་རླུང་རྒུད་པའི་འབར་མའི་གནམ་
  གྲུའི་ནང་།
  ལུས་སྲོག་ཤོར་བའི་འགྲུལ་བ་བརྒྱ་ལྷག་ལ་།
  ས་ཟླའི་དུས་འདིར་གདུང་སེམས་མཉམ་སྐྱེད་དང་།
  འཆི་ལམ་བདེ་བའི་བསྔོ་སྨོན་གྲངས
  ་མེད་ཞུ་།
  ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་