བུ་མོ་ ༨༠༠ ཅན་གྱི་ཨ་མ་རྒན་མོ་ཞིག

རྒྱ་གར་གྱི་བུད་མེད་ཅིག་གིས་རྐྱེན་འདས་སུ་ཕྱིན་པའི་རང་གི་བུ་མོ་རྗེས་དྲན་ཆེད་དྭ་ཕྲུག་དང་ཕ་མས་དོར་བའི་བུ་མོ་ ༨༠༠ གཉོར་སྐྱོང་བྱས་ཏེ་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཡོད་པ་རེད།

རྒྱ་གར་གྱི་ཨུ་ཌར་མངའ་སྡེ(Uttar Pradesh)ལག་ནའོ་(Lucknow)ཡི་གྷོམ་ཊི་ན་གྷར་( Gomti Nagar )ས་ཁུལ་དུ་གནས་སྡོད་བྱས་ཡོད་པའི་སཱ་རོ་ཇི་ནི་ཨ་གྷར་ཝལ་(Dr.Sarojini Agarwal)ཞུ་བའི་བུད་མེད་ཅིག་གིས། འདས་པའི་ལོ་ངོ་ ༣༠ ལྷག་གི་ནང་ཕ་མ་མེད་པའི་དྭ་ཕྲུག་དང་ཕ་མས་དོར་བའི་བདག་མེད་བུ་མོ་ ༨༠༠ གསོ་སྐྱོང་བྱས་ཏེ། ཤེས་ཡོན་ལག་རྩལ་གྱི་སྦྱོང་བརྡར་སྤྲད་དེ་སྤྱི་ཚོགས་ཀྱི་ལས་སྒོ་མང་པོར་ཞུགས་ཏུ་བཅུག་ཡོད་པ་རེད།

ཕྱི་ལོ་ ༡༩༧༨ ལོའི་ཉིན་ཞིག་སཱ་རོ་ཇི་ནི་ཨ་གྷར་ཝལ་ལགས་ཀྱིས་སྦག་སྦག་ཅིག་ཞོན་ཏེ། རང་ལོ་ ༨ ལ་སོན་པའི་རང་གི་བུ་མོ་མཱ་ནི་ཞ་(Manisha)རྒྱབ་ལོགས་སུ་བསྐྱོན་ནས་ཁྲོམ་གཞུང་དུ་ཕྱིན་སྐབས་གློ་བུར་དུ་འགྲུལ་འཁོར་དོན་རྐྱེན་བྱུང་སྟེ་གཅེས་པའི་བུ་མོ་མཱ་ནི་ཞ་རྐྱེན་འདས་སུ་ཕྱིན། ཨ་གྷར་ཝལ་ལགས་བཟོད་ཐབས་བྲལ་བའི་སྡུག་བསྔལ་གྱི་རྒྱ་མཚོའི་གཏིང་དུ་ལྷུང་སྟེ། རྐྱེན་ངན་དེ་མོའི་གཅེས་ཕྲུག་མར་བྱུང་དགོས་དོན་ཅི་ཡིན་ནམ་ཞེས་རང་ཉིད་ལ་ཡང་ཡང་དྲིས་རྗེས། མོ་ལ་མཐའ་མཇུག་གི་དྲིས་ལན་ཧ་ཅང་རླབས་ཆེན་ཞིག་བརྙེད། ཨ་གྷར་ཝལ་ལགས་ཀྱིས་བུ་མོ་མཱ་ནི་ཞ་མེད་པ་གྱུར་བར་ངས་སྨྲེ་སྔགས་ཚད་མེད་བཏོན་པ་ཡིན། མཱ་ནི་ཞ་མང་པོ་ཞིག་ཁྱིམ་མེད་བདག་མེད་དུ་གྱུར་ཏེ་ཨ་མ་ཞིག་ལ་རེ་ལྟོས་བྱེད་སྐབས། ངས་ཁོང་ཚོར་གཅིག་བྱས་ན་བྱམས་བརྩེའི་ཁྱིམ་གཞིས་ཤིག་བསྐྲུན་ཐུབ་པ་རེད། ཅེས་དང་། དྭ་ཕྲུག་དང་ཕ་མས་དོར་བའི་བུ་མོ་རེ་རེ་ནས་ངས་རང་གི་བུ་མོ་མཱ་ནི་ཞ་མཐོང་ཐུབ་པ་དང་། གཅིག་བྱས་ན་དཀོན་མཆོག་གིས་ངའི་བུ་མོ་འཁྱེར་ཕྱིན་ཏེ་ང་ལ་བྱིས་པ་འདི་ཚོར་གཉོར་སྐྱོང་བྱེད་དུ་འཇུག་དགོས་དགོངས་པ་ཡིན་སྲིད་སྟབས། དཀོན་མཆོག་གིས་ང་ལ་བུ་མོ་མཱ་ནི་ཞ་གསོན་གནས་ཀྱི་འཆར་སྣང་དོན་དང་ལྡན་པ་ཞིག་བསྐྲུན་གནང་བར་བཀའ་དྲིན་ཆེ་ཞུ་ཡི་ཡོད། ཅེས་བརྗོད་འདུག

ཨ་གྷར་ཝལ་ལགས་ནི་ཧིན་རྡུའི་རྩོམ་རིག་ཆེད་སྦྱོང་གི་འབུམ་རམས་པ་ཞིག་ཡིན་ཞིང་། དེ་སྔོན་མོས་སྒྲུང་ཐུང་དང་སྙན་ངག བརྩམས་སྒྲུང་བཅས་མང་པོ་བྲིས་ཡོད་འདུག ཕྱི་ལོ་ ༡༩༨༥ ལོར་མོ་རང་གི་དཔེ་དེབ་རྣམས་བཙོང་ནས་བྱུང་བའི་དངུལ་རྣམས་མ་རྩ་བྱས་ཏེ། ཁོང་བཟའ་ཚོ་གཉིས་ཀྱིས་རང་ཁྱིམ་གྱི་ཁང་མིག་གསུམ་གྱི་ནང་མཱ་ནི་ཞ་མན་ཌིར་(Manisha Mandir)ཞེས་པའི་སྒེར་གཉེར་བདག་མེད་བུ་མོ་གཉོར་སྐྱོང་ཁང་ཞིག་བཙུགས་ཡོད་པ་དང་། ཁོང་གཉིས་ཀྱིས་ཆེས་ཐོག་མར་བདག་མེད་དུ་གྱུར་བའི་བུ་མོ་ཞི་ཝི་ཟེར་པ་ཞིག་གཉོར་སྐྱོང་བྱས་ཡོད་འདུག བུ་མོ་དེའི་ཕ་མ་གཉིས་གཉེར་འཐོར་བ་མ་ཟད། མོ་རང་བཙས་སྐབས་ཨ་མ་ཚེ་ལས་འདས། བསམ་ཡུལ་ལས་འདས་པ་ཞིག་ལ་བུ་མོ་ཞི་ཝི་ནི་རྣ་བས་མི་གོ་ལ་སྐད་ཆའང་བཤད་མི་ཐུབ་པའི་འོན་ལྐུགས་ཤིག་ཡིན་པ་རེད། བུ་མོ་ཞི་ཝི་ཡི་རྗེས་སུ་ཡང་བསྐྱར་ཕ་མ་གཉིས་རྐྱེན་འདས་སུ་ཕྱིན་པའི་བུ་མོ་གསུམ་གཉོར་སྐྱོང་བྱས་ཡོད་པ་དང་། རིམ་གྱིས་ཁོང་བཟའ་ཚོ་གཉིས་ཀྱིས་ཁྲོམ་སྲང་དང་གཞང་བཙོང་ཁང་སོགས་ནས་ཕ་མ་འདས་གྲོངས་སུ་ཕྱིན་པའི་དྭ་ཕྲུག་དང་། ཕ་མས་དོར་བའི་བྱིས་པ་ ༨༠༠ ལྷག་གཉོར་སྐྱོང་བྱས་ཡོད་པ་མ་ཟད། བྱིས་པ་བདག་མེད་བསྐྱུར་སའི་ཉལ་གཞོང་ཞིག་ཀྱང་ཁོང་ཚང་གི་སྒོ་ཆེན་འགྲམ་དུ་དཔྱང་ནས་བཞག་ཡོད་པ་དང་། གཉོར་སྐྱོང་ཁང་དེའི་བྱིས་པ་ཆུང་ཤོས་སྐྱེས་ནས་ཉིན་གཉིས་ཙམ་ལས་འགོར་མེད་པ་རེད།

བྱིས་གཉོར་ཁང་གི་བྱིས་པ་ཇེ་མང་དུ་ཕྱིན་པ་དང་བསྟུན་ཁོང་ཚང་གི་སྡོད་གནས་ཀྱང་ཐེངས་ཁ་ཤས་ཤིག་ལ་སྤོར་དགོས་ཁེལ་ཡོད་པ་དང་། ད་ལྟའི་ཆར་ལག་ནའོ་གྷོམ་ཊི་ན་གྷར་དུ་ཐོག་རྩེག་གསུམ་ཅན་གྱི་ཁང་པ་ཞིག་བརྒྱབ་སྟེ་དཔེ་མཛོད་ཁང་དང་གློག་ཀླད་ཁང་། བཟོ་ལས་ལག་རྩལ་ཁང་། སིལ་སྤོལ་ཐང་སོགས་གསར་དུ་བརྒྱབ་སྟེ་གཞི་རྒྱ་ཆེ་རུ་སོང་ཡོད་པ་མ་ཟད། དེ་ལ་དཔག་པའི་ལས་བྱེད་ཀྱང་མང་དུ་ཕྱིན་ཡོད་པ་རེད། བྱིས་གཉོར་ཁང་དེའི་བྱིས་པ་ཚོ་ལོ་ན་ ༡༨ ལ་སོན་རྗེས་གཞི་ནས་ལས་ཀ་བཙལ་ཏེ་ལས་ཞུགས་བྱེད་དུ་འཇུག་བཞིན་ཡོད་པ་དང་། བདག་མེད་བུ་མོ་དེ་ཚོ་སྲོག་ཉེན་ལས་ཐར་བ་མ་ཟད། མ་ཡུམ་རླབས་ཆེན་ཞིག་གི་བྱམས་སྐྱོང་འོག་བདེ་ཐང་ངང་འཚར་ལོངས་བྱུང་ཞིང་སློབ་སྦྱོང་གི་གོ་སྐབས་ཐོབ་སྟེ་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞུགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༡༢

Leave a Reply

2 thoughts on “བུ་མོ་ ༨༠༠ ཅན་གྱི་ཨ་མ་རྒན་མོ་ཞིག

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ང་ནི་གྲྭ་ལྤགས་གྱོན་ཙམ་ཞིག་ལས་་་ ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།

  2. སྲས་སྐུ་ངོ་།

    བྱམས་བརྩེ་ལྡན་པའི་ཨ་མ་འདི་ལ་ན་ཚ་བྲལ་ཞིང་སྐུ་ལུས་ཡུན་བརྟན་ཡོང་བའི་སྨོན་འདུན་དང་བསྔགས་བརྗོད་གྲངས་མེད་ཞུ།