ལྡུམ་རྭ་གཅིག་གི་ནང་དུ་མེ་ཏོག་སྣ་བརྒྱ་བཞད་ན་ད་གཟོད་མཛེས་སྡུག་ལྡན་པ་ཞིག་ཡིན།

བོད་མིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ཁ་ལི་ཧྥོ་ནི་ཡ་མངའ་སྡེའི་གྲོང་ཁྱེར་སེན་ཌི་གྷོ་གཙུག་ལག་སློབ་གྲྭའི་གདན་ཞུ་ལྟར་མི་མང་ལ་བྱམས་བརྩེ་སྐོར་གྱི་བཀའ་སློབ་དང་། ཕྱི་ཉིན་སེན་ཌི་གྷོ་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་དང་སློབ་སྐབས་གསར་པའི་མཛད་སྒོའི་སྟེང་ཤེས་ཡོན་རིན་ཐང་སྐོར་ལ་བཀའ་སློབ་གནང་ཡོད།

ཚེས་ ༡༥ ཉིན་༧གོང་ས་མཆོག་ཨ་རིའི་སེན་ཌི་གྷོ་(San Diego)གྲོང་ཁྱེར་གནམ་ཐང་དུ་ཕེབས་འབྱོར་སྐབས། གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཀེ་ཝིན་ཧྥིལ་ཀོ་ནར་ (Kevin Faulconer)མཆོག་དང་། ཁ་ལི་ཧྥོ་ནི་ཡ་མཐོ་སློབ་ཀྱི་རིགས་བདག་ཆེན་མོ་སྐུ་ཞབས་( Pradeep Khosla )མཆོག་བཅས་ཕེབས་བསུར་བཅར་ཡོད།

ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ ཙམ་ལ་གསར་འགོད་ལྷན་ཚོགས་སྟེང་ཁོང་གིས། དེ་སྔ་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང་། རྒྱ་ནག་ཏུ་རིག་གནས་གསར་བརྗེ་ཟེར་བ་ཞིག་བྱུང་བ་རེད། འོན་ཀྱང་དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་སྤྱི་དང་། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིན་གྱིས་མགོ་ཁྲིད་འོག་དེ་སྔའི་འཐབ་རྩོད་ཀྱི་རང་བཞིན་ལྡན་པའི་རིག་གནས་གསར་བརྗེ་ལྟ་བུ་མིན་པར། བྱམས་བརྩེའི་རང་བཞིན་ཅན་གྱི་རིག་གནས་གསར་བརྗེ་ཞིག་ཡོང་རྒྱུར་འབད་བརྩོན་གནང་དགོས་ཀྱི་འདུག  དེ་ལྟར་བྱུང་ན་འཛམ་གླིང་གི་མི་འབོར་མང་ཤོས་དང་དཔལ་འབྱོར་ཐོག་ནས་ཡར་རྒྱས་ཆེ་ཤོས་ཨང་གཉིས་པར་གྲགས་པའི་རྒྱ་ནག་རང་ཉིད་ལའང་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་གསུངས་ཡོད་འདུག

སྐབས་དེར་ཨ་རི་དང་ཁེ་ན་ཌ། ཡུ་རོབ། རྒྱ་ནག ཨོ་སི་ཊོ་ལི་ཡ་བཅས་རྒྱལ་ཁབ་འདྲ་མིན་གྱི་གསར་འགོད་པ་ ༡༡༠ ཙམ་གྱིས་ཐོ་འགོད་བྱས་ཡོད་འདུག

ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་སེན་ཌི་གྷོ་གཙུག་ལག་སློབ་གྲྭའི་གོ་སྒྲིག་གནང་བ་ལྟར་མི་མང་ ༢༠༠༠༠ ལྷག་ལ་(འཛམ་གླིང་འདིར་སྣ་ཚོགས་པའི་མཛེས་སྡུག་དང་ལེན་ Embracing the Beauty of Diversity in our World) ཞེས་པའི་བརྗོད་གཞིའི་ཐོག ༧གོང་ས་མཆོག་གི་འགན་འཁུར་གཙོ་བོ་གསུམ་དང་། བོད་པའི་སྐད་ཡིག་རིག་གཞུང་དང་ཁོར་ཡུག དེ་བཞིན། རྒྱ་ནག་གི་འཕེལ་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ལ་སེན་ཌི་གྷོ་གྲོང་ཁྱེར་གྱི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་སེན་ཌི་གྷོ་གཙུག་ལག་སློབ་གྲྭ་(University of California San Diego)ཞེས་པའི་བསླབ་པ་མཐར་སོན་དང་སློབ་སྐབས་གསར་པའི་མཛད་སྒོའི་སྟེང་། སློབ་ཐོན་སློབ་མ་ ༦༠༠༠ ལྷག་གཙོས་པའི་དགེ་ལས་སློབ་ཕྲུག་ ༢༤༠༠༠ ལྷག་ལ་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་སློབ་གྲྭའི་ཆེས་བསྟོད་གཟེངས་རྟགས་ཤིག་ཀྱང་གནང་ཡོད་འདུག ༧གོང་ས་མཆོག་ཐོག་མ་ཕྱི་ལོ་ ༢༠༡༢ ཟླ་ ༤ པའི་ནང་སློབ་གྲྭ་འདིར་ཆིབས་སྒྱུར་ཐོག་མ་གནང་ཡོད་པ་དང་། ད་རེབ་ཐེངས་ ༢ པ་དེ་ཆགས་ཡོད་པ་རེད།

ཚེས་ ༡༦ ཉིན་༧གོང་ས་མཆོག་གིས་མི་མང་ལ་བཀའ་སློབ་གནང་སྐབས། ངོས་ཀྱིས་སྐད་ཆ་བཤད་པའི་དུས་སུ་ཐོག་མར་སྤུན་ཟླ་ཕོ་མོ་རྣམ་པ་ཞེས་ཞུ་བཞིན་ཡོད། ངོས་རང་ལམ་དང་ལུགས་སྲོལ་ལ་དགའ་བོ་མེད། ང་ཚོ་སྐྱེ་འཆི་གང་གི་སྐབས་སུའང་ལམ་དང་ལུགས་སྲོལ་གང་ཡང་མེད་པས་འཚོ་བའི་རིང་མི་ཚང་མས་ཕན་ཚུན་ལ་སྤུན་ཟླ་ཕོ་མོའི་འདུ་ཤེས་འཛིན་ཐུབ་ན་ཡག་པོ་ཡོད། ངོས་ཀྱིས་མིའི་རིགས་ཀྱི་གཞི་རྩའི་དམིགས་ཡུལ་ནི་བདེ་བ་རེད་ཅེས་ཀུན་ལ་རྗོད་ཀྱི་ཡོད། མི་ཚང་མ་བདེ་སྐྱིད་ལྡན་པའི་མི་ཚེ་འདོད་མཁན་ཡིན་ཀྱང་འདས་པ་དང་ད་ལྟའི་གནས་སྟངས་ཅི་འདྲ་ཡིན་མིན་ལ་མ་བལྟས་པར་མ་འོངས་པ་ནི་རེ་བ་རྒྱག་ས་ཙམ་རེད། དུས་ཚོད་ཅིག་ལ་མ་འོངས་པའི་རེ་བ་རྦད་དེ་བརླག་ཚེ་མི་ཚེ་ཐུང་དུ་གཏོང་གི་རེད། དེ་ལས་ཀྱང་ཐབས་སྐྱོ་བོ་ཞིག་ལ་འགའ་ཤས་ཀྱིས་རང་སྲོག་གཅོད་པའི་གནས་ཚུལ་འབྱུང་གི་ཡོད། ང་ཚོས་བརྗོད་ཐུབ་པ་ནི་མིའི་རིགས་ཀྱི་གཞི་རྩའི་དམིགས་ཡུལ་ནི་བདེ་སྐྱིད་ལྡན་པ་ཞིག་རེད། ད་ལྟའི་དུས་སུ་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་བདེ་སྐྱིད་ཀྱི་མི་ཚེ་འདོད་མཁན་ཡིན་ལ། བདེ་བ་འདོད་པའི་མི་ཞིག་བྱེད་པའི་ཐོབ་ཐང་ཀྱང་ཡོད། འོན་ཀྱང་རང་བྱུང་གི་གོད་ཆག་ལས་གཞན་གྱི་དཀའ་ངལ་གཞན་མང་དག་ཅིག་ཡོང་གི་ཡོད་པ་དང་། དཀའ་ངལ་མང་པོ་ཞིག་ང་ཚོ་རང་ཉིད་ཀྱིས་བཟོས་པ་ཤ་སྟག་ཡིན། ཞེས་གསུངས།

ཡང་ཁོང་གིས། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་གསལ་བ་ལྟར་ན་ལོ་ངོ་དྲུང་ཕྱུར་མང་པོའི་སྔོན་དུ་མིའི་ལུས་པོ་འདི་ཆགས་ཤིང། ས་གནས་དང་གནམ་གཤིས་མི་འདྲ་བ། དེ་བཞིན་འཚོ་སྡོད་བྱེད་སྟངས་ཀྱང་མི་འདྲ་བ་སོགས་བྱུང་བས་མི་འདྲ་བ་བྱུང་། དཔེར་ན། ཤར་གླིང། ནུབ་གླིང། ལྷོ་གླིང། བྱང་གླིང་སོགས་ཆགས་ཤིང། དེ་ནས་སྐད་དང་ཡི་གེ་སོགས་ཀྱང་བྱུང་བ་རེད། མཚམས་རེར་ངོས་ཀྱི་བསམ་པར་མི་རིགས་མ་འདྲ་བ་དང་། རིག་གཞུང་མ་འདྲ་བ། སྐད་ཡིག་མ་འདྲ་བ་སོགས་ནི་ལྡུམ་ར་ཆེན་པོ་ཞིག་གི་ནང་གི་མེ་ཏོག་སྣ་ཚོགས་དང་མཚུངས། མེ་ཏོག་དེ་དག་ཅི་ཙམ་གྱིས་མཛེས་ཤིང་ལྟ་ན་སྡུག་པ་ཡིན་ཀྱང་ཆ་ཚང་གཅིག་མཚུངས་ཡིན་ཚེ་ཡིད་དབང་དེ་ཙམ་འཕྲོག་མི་ཐུབ། མཛེས་སྡུག་གི་སྟེང་ནས་བཤད་ན་ལྡུམ་ར་ཆེན་པོ་དང་མེ་ཏོག་སྣ་ཚོགས་པ་ནི་ཡིད་དབང་འཕྲོག་པ་ཞིག་རེད། འགྲོ་བ་མིའི་རིགས་ཀྱི་ལྡུམ་ར་ཆེན་པོ་འདིའི་ནང་དུ་རིག་གཞུང་མི་འདྲ་བ་དང་། སྐད་ཡིག་མི་འདྲ་བ། འཚོ་གནས་བྱེད་སྟངས་མི་འདྲ་ཡོད། རིག་གཞུང་མི་འདྲ་བ་ནི་བཙན་གྱིས་བཙུགས་པ་ཞིག་མ་ཡིན་པར་རང་བཞིན་གྱིས་ཡར་རྒྱས་བྱུང་བ་ཞིག་ཡིན་པས། ས་ཁུལ་དེའི་གནས་སྟངས་དང་ཁོར་ཡུག་ལ་འཚམ་པོ་ཆགས་ཡོད། དེར་བརྟེན། རིག་གཞུང་མི་འདྲ་བ་དང་འཚོ་གནས་བྱེད་སྟངས་མི་འདྲ་བ་བེད་སྤྱོད་ཆེ་ལ་ལག་ལེན་དང་མཐུན་པ་ཡོད།

ཡིན་ནའང་། ང་ཚོས་གནད་དོན་འདི་ཁོ་ནའི་ཐོག་ཏུ་བློ་མི་གཏོད་པར་དཀའ་ངལ་གྱི་འབྱུང་ཁུངས་ལ་བསམ་བློ་གཏོང་དགོས། མི་རིགས་མི་འདྲ་བ་དང་། ཁ་དོག་མི་འདྲ་བ། ཆོས་ལུགས་མི་འདྲ་བ། ཐ་ན་ཆོས་ལུགས་དང་མི་རིགས། ཁ་དོག་གཅིག་ཀྱང་དབུལ་ཕྱུག་དང་ཤེས་ཡོན་གྱི་གནས་ཚད་མི་འདྲ་བ་སོགས་མི་འདྲ་བའི་ཆ་ཁོ་ནའི་སྟེང་ཤུགས་རྒྱག་རྒྱུ་མང་དྲག་པས་དཀའ་ངལ་འབྱུང་གི་ཡོད། དེར་བརྟེན་ང་ཚོས་ཅིས་ཀྱང་ཆ་སྙོམས་བཟོ་རྒྱུ་དགོས་པ་དང་། ང་ཚོས་རང་ཉིད་ཀྱི་ངོ་བོ་དང་། རིག་གཞུང་ཉར་ཚགས་བྱས་པའི་སྟེང་འགྲོ་བ་མིའི་རིགས་གཅིག་ཡིན་པའི་འདུ་ཤེས་མ་བརླགས་པ་བྱ་རྒྱུ་ཧ་ཅང་གལ་ཆེ། འདས་པའི་སྐབས་ལ་ཨ་མི་རི་ཁའི་མི་རིགས་རྣམས་གཞན་དང་འབྲེལ་མེད་ཐོག་མི་ལོ་སྟོང་ཕྲག་མང་པོར་སོ་སོའི་ཡུལ་ནས་བསྡད་པ་དང་། ཨེ་ཤེ་ཡའི་མི་རིགས་ཀྱང་དེ་ལྟར་འཚོ་སྡོད་བྱས་ནས་བསྡད་པ་རེད། ཡིན་ནའང་ད་ལྟ་ང་ཚོ་ཚང་མ་དུས་རབས་ ༢༡ པའི་ནང་དུ་ཡོད་པ་དང། འཛམ་གླིང་དཔལ་འབྱོར་ལ་ས་མཚམས་དང་ཚད་གཞི། རྒྱལ་ཁབ་དང་གླིང་ཕྲན་གྱི་དབྱེ་བ་མེད་པར་ཚང་མ་གཅིག་ལ་གཅིག་བརྟེན་ཆགས་ཡོད། དེ་བཞིན་གོ་ལའི་ཚ་དྲོད་ཀྱང་གླིང་ཕྲན་འདི་དང་དེ་ཞེས་དབྱེ་བ་མེད་པར་ཆ་ཚང་ལ་ཁྱབ་ཡོད།

ངོས་རང་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྐབས་འཛམ་གླིང་གི་མི་འབོར་གྲངས་ཚད་དུང་ཕྱུར་ ༦༠ ཡིན་པ་དང་། ད་ལྟའི་ཆར་དུང་ཕྱུར་ ༧༠ ལ་འཕར་ཡོད། མཁས་པ་འགའ་ཤས་ཀྱིས་བཤད་ན་དུས་རབས་འདིའི་མཇུག་ཏུ་མི་འབོར་གྲངས་ཚད་དུང་ཕྱུར་ ༡༠༠ ལ་འཕར་ངེས་པའི་ཚོད་དཔག་བྱེད་ཀྱིན་འདུག ཡིད་སྐྱོ་བ་ཞིག་ལ་ད་ལྟའི་མི་འབོར་དུང་ཕྱུར་ ༧༠ ཡོད་པའི་ཁྲོད་དུའང་འཛམ་གླིང་སྤྱི་ཙམ་མ་ཡིན་པར་རྒྱལ་ཁབ་སོ་སོའི་ནང་དུ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་འདུག ལྷག་པར་དུ་འཛམ་གླིང་གི་ཕྱུག་ཤོས་རྒྱལ་ཁབ་ཨ་རིའི་ནང་དུ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་འདུག འདི་དག་ནི་སྤྱོད་བཟང་གི་ཐོག་ནས་ནོར་བ་ཙམ་མ་ཡིན་པར་ལག་ལེན་གྱི་ངོས་ནས་ཀྱང་དཀའ་ངལ་གྱི་གཞི་ཆགས་ཡོད་པས་ང་ཚོའི་ངོས་ནས་དབུལ་ཕྱུག་གི་ཧེ་བག་ཉུང་དུ་གཏོང་དགོས། དབུལ་བོའི་འཚོ་བའི་གནས་སྟངས་ཡར་རྒྱས་བཏང་ནས་དབུལ་ཕྱག་གི་ཧེ་བག་ཉུང་དུ་གཏོང་བར་སྒོར་མོ་དང་རྒྱུ་དངོས་དགོས་པ་དང་། དེ་ལ་ཐོན་ཁུངས་དགོས། ད་ལྟའི་ཆར་ཆུ་ལ་སོགས་པའི་ཐོན་ཁུངས་ཇེ་ཉུང་དུ་སོང་བའི་རྟགས་འབྱུང་བཞིན་ཡོད། ང་ཚོའི་འཛམ་གླིང་འདིར་ཚ་དྲོད་འཕེལ་བ་ལ་སོགས་པའི་འགྱུར་ལྡོག་མང་པོ་འབྱུང་བཞིན་ཡོད་པས་ང་ཚོས་མཉམ་རུབ་ཀྱིས་ལས་ཀ་བྱེད་དགོས་པ་མ་ཟད། ཕན་ཚུན་ཀྱི་དཀའ་ངལ་བརྗོད་རེས་དང་འགྲོ་བ་མི་ཁྱིམ་ཚང་གཅིག་ལྟར་ལས་ཀ་བྱེད་དགོས་པའི་དུས་ལ་སླེབས་འདུག ཆོས་ལ་དད་མོས་བྱེད་དང་མི་བྱེད་ལ་མ་ལྟོས་པར་འགྲོ་བ་མིའི་ཆེས་ཟབ་སའི་རིན་ཐང་སྟེ་བྱམས་བརྩེའི་ཐོག་ལ་དོ་སྣང་སྤྲོད་དགོས་ཀྱི་འདུག ང་ཚོའི་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན། ཞེས་གསུངས།

དེ་ནས་ཡང་། དེང་རབས་ཤེས་ཡོན་གྱི་སྒྲོམ་གཞིར་ནང་སེམས་ཀྱི་རིན་ཐང་ངམ་སྤྱོད་བཟང་གིས་འདང་གི་མེད་པས་ང་ཚོས་རང་ཉིད་ཀྱི་རིག་པ་བེད་སྤྱོད་བཏང་ནས་དེང་དུས་ཀྱི་ཤེས་ཡོན་ནང་དུ་སྤྱོད་བཟང་ནང་འཇུག་བྱེད་དགོས་པ་དང་། ལུས་པོའི་འཕྲོད་བསྟེན་ཡག་པོ་ཞིག་དགོས་པར་སེམས་ཀྱི་འཕྲོད་བསྟེན་དགོས་པ། སེམས་དང་ཚོར་བ་སོགས་ཆོས་ལུགས་ནས་བཤད་པའི་སྐྱེ་བ་སྔ་ཕྱི་དང་། ལྷ་ཡུལ་དང་དམྱལ་བ་སོགས་གང་ལའང་བརྟེན་གཏུགས་བྱེད་མི་དགོས་པར། གོ་ལ་འདིའི་ཐོག་ཏུ་བདེ་སྐྱིད་ལྡན་པའི་འགྲོ་བ་མི་ཞིག་ཇི་ལྟར་བསྐྱེད་བསྲིང་བྱེད་རྒྱུ་དེ་དེ་རིང་གི་གཏམ་བཤད་འདིའི་དམིགས་ཡུལ་གཙོ་བ་ཡིན། ཞེས་སོགས་གསུངས་འདུག

 

བསྐྱར་བཅོས།: ༢༠༡༧/༠༦/༡༨

Leave a Reply

3 thoughts on “ལྡུམ་རྭ་གཅིག་གི་ནང་དུ་མེ་ཏོག་སྣ་བརྒྱ་བཞད་ན་ད་གཟོད་མཛེས་སྡུག་ལྡན་པ་ཞིག་ཡིན།

  1. ད་ལོ་གཙུག་ལག་སློབ་གྲྭ་དེར་སློབ་ཐོན་པ་གྲངས་ ༩༠༠༠ ལྷག་ཡོད་རེད་ཟེར་གྱི་འདུག ད་རེས་མཛད་སྒོའི་སྟེང་སློབ་མ་ ༦༠༠༠ ལྷག་ལས་མཉམ་ཞུགས་གནང་བྱས་པའི་རྒྱུ་མཚན་ག་རེ་ཡིན་ནམ།