གཞུང་གི་ལས་བྱེད་ཕྱི་རྒྱལ་དུ་སྐྱོད་པར་བཀག་སྡོམ་ཤུཊ་ཆེ་རུ་བཏང་།

རྒྱ་ནག་གཞུང་གིས་གཞུང་ཞབས་པ་དང་རྒྱལ་ཁབ་ཁེ་ལས་ལས་བྱེད་པ་ཕྱི་ཕྱོགས་སུ་འགྲོ་བར་སྔར་ལས་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་ཏང་གི་ཚོགས་ཆེན་ ༡༩ འཚོགས་འཆར་ཡོད་པ་དང་། ཚོགས་ཆེན་གྱི་སྔ་རོལ་དུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་སོགས་གཞུང་ཞབས་པ་མང་པོ་ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་གྱིས་རྒྱུ་དངོས་འབོར་ཆེན་ཕྱི་ཕྱོགས་སུ་སྐྱེལ་བཞིན་ཡོད་པའི་གནད་དོན་བཀག་འགོག་ཆེད། ཉེ་སྔོན་ནས་བཟུང་རྒྱལ་ཡོངས་ཀྱི་གཞུང་ཞབས་པ་རྣམས་ཕྱི་རྒྱལ་དུ་འགྲོ་བར་བཀག་སྡོམ་ནན་མོ་བྱེད་དགོས་པའི་བཀའ་རྒྱ་ཕབ་ཡོད་པ་མ་ཟད། རྫོང་རིམ་པ་ཡན་གྱི་གཞུང་ཞབས་པ་རྣམས་ཀྱི་ལོ་རེའི་ཉིན་གྲངས་ ༡༥ མ་བརྒལ་བའི་སྒེར་དོན་ཕྱིར་སྐྱོད་ཐོབ་ཐང་ཡང་མེད་པ་བཟོས་ཡོད་འདུག

དམ་དྲག་སྲིད་བྱུས་དེ་གཞུང་ཞབས་པ་གཅིག་པུར་མིན་པར་རྒྱལ་ཁབ་ཁེ་ལས་ལས་བྱེད་པ་དང་ལྷག་པར་དུ་དངུལ་ཁང་དོ་དམ་རིམ་པའི་ལས་བྱེད་རྣམས་ལ་བཀག་སྡོམ་ཧ་ཅང་ནན་པོ་དང་། དམག་ཕྱོགས་ཀྱི་མི་སྣར་སྔར་རྒྱུན་བཞིན་བཀག་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་བཀའ་རྒྱ་དེ་དངོས་སུ་ཡོངས་ཁྱབ་ཕྱིན་མེད་ཀྱང་དངོས་སུ་ལག་བསྟར་གྱིས་བཀག་སྡོམ་གྱི་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༥ པའི་ནང་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཝང་ཅི་ཧྲན་གྱིས་སྣེ་འཁྲིད་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ཏང་སྲིད་དམག་དང་རྒྱལ་ཁབ་ལས་ཁུངས་ཁག་གི་མཐོ་རིམ་དཔོན་རིགས་དང་ཁོང་ཚོའི་ཁྱིམ་མི་གཉེན་འབྲེལ་རྣམས་ལ་ཕྱི་སྐྱོད་སྟངས་འཛིན་སྐོར་གྱི་བཀའ་རྒྱ་ཞིག་བསྒྲགས་ཡོད་པ་དང་། དེའི་ནང་དུ་མཐོ་རིམ་དཔོན་རིགས་ཀྱི་ཁྱིམ་མི་གཉེན་འབྲེལ་ཁྱོན ༥༠༠༠ བརྒལ་བ་ཕྱི་སྐྱོད་བཀག་སྡོམ་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། བཀག་སྡོམ་གྱི་གྲངས་འབོར་དེའི་ནང་དབུས་ཆབ་སྲིད་ལྷན་ཁང་གི་ཅང་ཙི་མེན་ཚོགས་པའི་ལུའུ་ཡེན་ཧྲན་དང་ཀྲང་གོ་ལི། ཚིན་ཆིན་ཧོང་སོགས་ཀྱི་ཁྱིམ་མི་གཉེན་འབྲེལ་རྣམས་ཀྱང་ཚུད་ཡོད་པར་བཤད།

རྒྱ་ནག་ཀང་ཀྲུའུ་ཡི་འབྲེལ་ཡོད་ལས་བྱེད་ཅིག་གིས། ཁུལ་དེར་གནས་སྐབས་རིང་གོང་རིམ་གྱི་བཀའ་ཁྱབ་དེ་འབྱོར་མེད་ཀྱང་། གལ་ཏེ་རྒྱལ་ཁབ་རིམ་པའི་གནད་ཡོད་ལས་བྱེད་ཡིན་ཚེ། ཕྱི་རུ་སྐྱོད་པར་དགོས་ངེས་ཆ་རྐྱེན་དང་པོ་སོ་སོའི་ལས་ཁུངས་ནས་ཡིག་ཐོག་ཆོག་མཆན་ཞིག་དགོས་པ་དང་། ཡིག་ཐོག་ཆོག་མཆན་དེ་ཡོད་ན་བདེན་དཔང་ཡི་གེ་རྣམས་བཟོས་ཏེ་ད་གཟོད་ཕྱི་སྐྱོད་ཡིག་ཆ་རག་གི་ཡོད་སྐོར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཞིག་གིས། རྒྱ་ནག་གཞུང་གི་ཕྱི་སྐྱོད་དམ་དྲག་སྲིད་བྱུས་དེ་དཔལ་འབྱོར་དང་ཆབ་སྲིད་གནད་དོན་གཉིས་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ལ། ལས་བྱེད་དཀྱུས་མ་རྣམས་ལ་བཀག་སྡོམ་གྱི་ནུས་པ་འཐོན་རྒྱུ་ཡིན་ཡང་དབང་འབྱོར་གཉིས་ལྡན་གྱི་མཐོ་རིམ་མི་སྣར་བཀག་སྡོམ་ཐུབ་རྒྱུ་མིན་སྐོར་བརྗོད་འདུག་པ་དང་། ཡང་ཁེ་ལས་བ་ཞིག་གིས་ཁོའི་རྒྱ་ནག་ནང་གི་རོགས་པ་རྣམས་ལ་ཕྱི་སྐྱོད་ལག་ཁྱེར་རག་རྒྱུ་ཕར་ཞོག ཐ་ན་གློག་འཕྲིན་བཏང་ཡང་ལན་སྤྲོད་མི་ཕོད་པའི་གནས་སུ་ལྷུང་ཡོད་སྐོར་ཡང་བརྗོད་འདུག

ལོ་ངོ་བཅུ་གྲངས་ཀྱི་སྔོན་ནས་བཟུང་རྒྱ་ནག་གཞུང་ཕྱོགས་ནས་གཞུང་ཞབས་པ་ཕྱི་རུ་འགྲོ་བར་སྟངས་འཛིན་མགོ་བཙུགས་ཡོད་ཀྱང་། རྒྱ་ནག་ནང་གི་མཁའ་དབུགས་འབག་བཙོག་དང་ཆབ་སྲིད་འཐབ་རྩོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཉེན་ཁ་སོགས་ཀྱིས།  མཐོ་རིམ་དཔོན་རིགས་ཀྱིས་གཙོས་གཞུང་ཞབས་ལས་བྱེད་དང་མི་མང་ནང་ཨ་རི་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་འགྲོ་མཁན་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གཞུང་ཕྱོགས་ཀྱི་ཡིག་ཆ་ལྟར་ན། རྒྱ་ནག་གཞུང་ཞབས་པས་ཕྱི་སྐྱོད་ལག་ཁྱེར་མང་པོ་བེད་སྤྱོད་གཏོང་བ་དང་། ཐ་ན་ཕྱི་རྒྱལ་གྱི་ཕྱི་སྐྱོད་ལག་ཁྱེར་བེད་སྤྱོད་གཏོང་མཁན་ཅུང་རྒྱུན་ལྡན་དུ་གྱུར་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་ད་ལྟའི་ཆར་རྒྱ་ནག་ལ་ཁྱོན་གཞུང་ཞབས་པ་ས་ཡ་ ༧ དང་འབུམ་གཅིག་ཁྲི་དྲུག་ལྷག་ཡོད་པ་བསྒྲགས་པ་དང་། འདས་པའི་ལོ་ངོ་ ༣༠ ནང་ཉུང་མཐར་གཞུང་ཞབས་པ་ཁྲི་ ༡ ལྷག་ཕྱི་ཕྱོགས་སུ་བྲོས་ཕྱིན་ཡོད་པ་མ་ཟད། རྒྱུ་དངོས་རྒྱ་སྒོར་དུང་ཕྱུར་མང་པོ་ཕྱི་ཕྱོགས་སུ་བསྐྱལ་ཟིན་ཡོད་ལ། ད་ལྟའི་རྒྱ་ནག་གི་གཞུང་ཞབས་པ་བརྒྱ་ཆ་ ༨༥ ཕྱི་ཕྱོགས་སུ་གོམ་པ་སྤོ་ཆོག་ཆོག་ཏུ་ཡོད་པར་བཤད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༠

Leave a Reply