བྱང་ཀོ་རི་ཡ་དང་ཨ་རིའི་འཐབ་འཁྲུག་བར་དུ་སློབ་ཕྲུག་ཅིག་གི་ཚེ་སྲོག་ཤོར།

ཨ་རིའི་སློབ་ཕྲུག་ཅིག་བྱང་ཀོ་རི་ཡར་སྤྲོ་འཆམ་དུ་ཕྱིན་པ་བྱང་ཀོ་རི་ཡའི་གཞུང་གིས་འཛིན་བཟུང་བྱས་ཏེ་ཟླ་ ༡༧ ལྷག་རིང་བཙོན་འཇུག་བྱས་མཐར་ཉེ་ལམ་ཀློད་གྲོལ་བཏང་སྟེ་ཕྱིར་ཨ་རིར་ལོག་ཡོད་ཀྱང་ཉིན་དྲུག་གི་རྗེས་ལ་འདས་གྲོངས་སུ་ཕྱིན་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་གཞུང་གིས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༢ ཉིན་ཨ་རིའི་སློབ་ཕྲུག་མིང་ལ་ཨོ་ཊོ་ཝེམ་བྷར་(Otto Warmbier)ཟེར་བ་ཞིག་འཛིན་བཟུང་བྱས་ཏེ། ལོ་ ༡ དང་ཟླ་ ༥ ལྷག་འགོར་རྗེས་སློབ་ཕྲུག་དེའི་ལུས་པོའི་གནས་སྟངས་སྐྱོ་པོ་ཆགས་སྟབས། ཟླ་འདིའི་ཚེས་ ༡༣ ཉིན་ཀློད་གྲོལ་བཏང་སྟེ་ཨ་རིར་ཕྱིར་སློག་བཏང་ཡོད་ཀྱང་། ཨ་རིའི་གཞུང་དང་སྐུ་ཞབས་ཝེམ་བྷར་གྱི་ནང་མི་ཚོས་ཁོ་རང་སྨན་ཁང་དུ་བསྟན་ཡང་དྲག་སྐྱེད་མ་བྱུང་བར་ཁ་སང་ཚེས་ ༡༩ ཉིན་འདས་གྲོངས་སུ་ཕྱིན་འདུག ཁོ་ད་ལྟ་རང་ལོ་ ༢༣ ཡིན་འདུག

བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། ཝེམ་བྷར་གྱིས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༢ ཉིན་བྱང་ཀོ་རི་ཡའི་མགྲོན་ཁང་ཞིག་གི་ཐོག་ཁའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་སྦྱར་བྱང་བརྐུས་ཏེ་བྱང་ཀོ་རི་ཡའི་རྒྱལ་ས་ཕེ་ཡོན་ཡཱང་(Pyongyang)རྒྱལ་སྤྱིའི་གནམ་ཐང་བརྒྱུད་དེ་ཕྱིར་ཨ་རིར་ལོག་རྩིས་བྱེད་སྐབས། བྱང་ཀོ་རི་ཡའི་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། དེའི་རྗེས་ཝེམ་བྷར་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་གནོད་པའི་ནག་ཉེས་བསགས་ཡོད་པའི་ཉེས་མིང་འོག་ལོ་ ༡༥ ཡི་ཁྲིམས་ཐག་བཅད་ཡོད་འདུག

ཨ་རིའི་སྨན་པ་ཁག་ཅིག་གིས་བརྗོད་པ་ལྟར་ན། ཝེམ་བྷར་ལ་འདས་པའི་ལོ་གཅིག་ལྷག་རིང་ནད་རིགས་སྣ་ཚོགས་ཤིག་ཕོག་ཡོད་པ་མ་ཟད། དྲན་ཤེས་ཉམ་སྟེ་སྐད་ཆ་བཤད་མི་ཐུབ་པ་ཆགས་ཡོད་སྟབས། ཁོ་རང་ཕྱིར་ཨ་རིར་ལོག་སྟེ་ཉིན་ ༦ ལས་མ་འགོར་བར་འདས་གྲོངས་ཕྱིན་ཡོད་འདུག བྱང་ཀོ་རི་ཡའི་གཞུང་གིས་ཨ་རིའི་སློབ་ཕྲུག་དེར་ཟས་དུག་ཕོག་ཡོད་སྐོར་བརྗོད་ཡོད་ཀྱང་། ཝེམ་བྷར་གྱི་ནང་མིས་བྱང་ཀོ་རི་ཡའི་གཞུང་གིས་ཁོ་ལ་བཙོན་ཁང་དུ་མནར་གཅོད་ཚད་མེད་བཏང་ཡོད་སྐོར་བརྗོད་འདུག་ལ། ཨ་རིའི་སྨན་པ་ཁག་ཅིག་གིས་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ཟས་དུག་ཕོག་སྐོར་བརྗོད་པ་དེ་བདེན་པ་མིན་ཚུལ་བརྗོད་ཡོད།

ཁ་སང་ཝེམ་བྷར་གྱི་ཁྱིམ་མིས་གསལ་བསྒྲགས་ཤིག་སྤེལ་ཏེ། “ང་ཚོ་སེམས་པ་སྐྱོ་བོའི་ངང་ཞུ་རྒྱུར། ང་ཚོའི་བུ་ཨོ་ཊོ་ཝེམ་བྷར་ཕྱིར་རང་ཁྱིམ་དུ་ལོག་སྟེ་ནང་མི་ཚོས་བརྩེ་སེམས་ཆེན་པོས་ཁོ་རང་གི་མཐའ་ནས་བསྐོར་ནས་སྡོད་སྐབས། ཉིན་རྒྱབ་ཆུ་ཚོད་ ༢་༢༠ སྟེང་ཚེ་ལས་འདས་སོང་།” ཞེས་འཁོད་ཡོད་པ་དང་། ཁོང་ཚོས་ད་དུང་ཝེམ་བྷར་ནང་དུ་ལོག་སྐབས་ཁ་ནས་སྐད་ཆ་བཤད་མི་ཐུབ་པ་མ་ཟད། རྣ་བའི་ཉན་ཡང་མི་ཐུབ་ཚུལ་བརྗོད་འདུག ད་དུང་གསལ་སྒྲགས་ནང་ “ང་ཚོའི་བུར་བྱང་ཀོ་རི་ཡས་གདུག་རྩུབ་དྲག་པོ་བྱས་ཡོད་སྟབས་ང་ཚོས་ད་ལྟ་སྡུག་བསྔལ་གཟོད་ཐབས་མི་འདུག” ཅེས་སོགས་བརྗོད་འདུག

རྒྱལ་སྤྱིའི་གསར་ལམ་གཞན་དུ་ཐོན་པའི་གནས་ཚུལ་ནང་། ཨ་རིའི་བིར་ཇཱི་ནེ་ཡ་(Virginia)གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པའི་སློབ་ཕྲུག་ཅིག་བྱང་ཀོ་རི་ཡའི་ནང་ཡུལ་སྐོར་དུ་སྐྱོད་སྐབས་བྱང་ཀོ་རེ་ཡའི་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་གཅིག་གི་རྗེས་སུ་བྱང་ཀོ་རི་ཡའི་གཞུང་གིས་སློབ་ཕྲུག་དེ་གསར་འགོད་གསལ་བསྒྲགས་ཐོག་ཁྲིད་ཡོང་སྟེ། ཁོས་བྱང་ཀོ་རི་ཡའི་མགྲོན་ཁང་ཞིག་ནས་ཆབ་སྲིད་ཁྱབ་བསྒྲགས་ཀྱི་སྦྱར་བྱང་ཞིག་བརྐུས་ཏེ་བྱང་ཀོ་རི་ཡའི་སྤྱི་ཚོགས་ནང་དཀྲིག་ཤིང་རྒྱག་འདོད་ཡོད་སྐོར་བརྗོད་དོན། “ངའི་དམིགས་ཡུལ་ནི་བྱང་ཀོ་རི་ཡའི་མི་སེར་ཚོའི་ལས་ཀ་བྱེད་ཕྱོགས་དང་ཀུན་སློང་ཁྱེར་ཕྱོགས་སོགས་ལ་གནོད་འཚེ་གཏོང་དགོས་བསམ་པ་ཡིན” ཞེས་མི་འདོད་བཞིན་དུ་མིག་ཆུ་ཞིག་དང་ལྷན་དུ་ནག་ཉེས་ཁས་ལེན་བྱས་ཡོད་པ་དང་། དེ་སྔ་བྱང་ཀོ་རི་ཡས་འཛིན་བཟུང་བྱས་བའི་ཕྱི་མི་ཡོངས་རྫོགས་ཀྱིས་ཁ་གཅིག་གྲགས་ཐོག་བྱང་ཀོ་རི་ཡའི་གཞུང་གིས་ཁོ་ཚོར་སྡུག་རྩུབ་ཆེན་པོས་ནག་ཉེས་ཁས་ལེན་བྱེད་དུ་བཅུག་ཡོད་སྐོར་བརྗོད་ཡོད།

ཝེམ་བྷར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་རྗེས། ན་ནིང་ཝེམ་བྷར་དང་ཕྱི་གླིང་བ་སྐོར་ཞིག་བྱང་ཀོ་རི་ཡར་ཕྱི་སྐྱོད་གོ་སྒྲིག་བྱེད་མཁན་རྒྱ་ནག་གི་ན་གཞོན་མདུན་སྐྱོད་སྣེ་ཤན་ཚོགས་པས་གསལ་བསྒྲགས་སྤེལ་ཏེ། སྐུ་ཞབས་ཝེམ་བྷར་ལགས་བྱང་ཀོ་རི་ཡས་འཛིན་བཟུང་བྱས་ཏེ་ཡ་ང་བའི་གནས་ཚུལ་འདི་འདྲ་བྱུང་བར་བློ་ཕམ་བྱུང་ཡོད་སྐོར་དང་། བྱང་ཀོ་རི་ཡས་མ་འོངས་པར་འཇིགས་སུ་རུང་བའི་བྱ་སྤྱོད་དེ་རིགས་མི་སྤེལ་བའི་རེ་བ་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་སྐུ་ཞབས་ཝེམ་བྷར་ལགས་ཀྱི་ཤི་རྐྱེན་དང་འབྲེལ་ཏེ་བརྗོད་དོན། བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། འགྲོ་བ་མིའི་ཡ་རབས་བཟང་སྤྱོད་རྡོག་རོལ་དུ་བཏང་སྟེ། ལྷད་མེད་དྭངས་གཙང་གི་ན་གཞོན་ཞིག་ལ་ཡ་ང་བའི་དྲག་སྤྱོད་སྤེལ་ཏེ་སེམས་སྐྱོ་དགོས་པའི་གནས་ཚུལ་བྱུང་ཡོད་ཅེས་བརྗོད་འདུག

སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་སློབ་ཕྲུག་དེའི་ཤི་རྐྱེན་གྱིས་ཨ་རིའི་གཞུང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་དང་། གནད་དོན་དེར་རྐྱེན་བྱས་ཏེ་ཨ་རིས་བྱང་ཀོ་རི་ཡའི་མཐུན་ཕྱོགས་རྒྱ་ནག་ལའང་ཁ་གཏད་ནན་མོ་གཅོག་རྒྱུ་ཡིན་པ་མ་ཟད། བདུན་ཕྲག་འདིའི་ནང་འཚོགས་འཆར་ཡོད་པའི་ཨ་རི་དང་རྒྱ་ནག་གི་ཚོགས་འདུའི་སྟེང་དུའང་གནད་དོན་དེའི་སྐོར་ནན་བརྗོད་བྱེད་ངེས་ཡིན་སྐོར་འཁོད་འདུག

དོན་རྐྱེན་བྱུང་སྐབས་ཀྱི་དུས་ཚོད་རེའུ་མིག

༡༽   ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༠ ཉིན་སྐུ་ཞབས་ཝེམ་བྷར་ལགས་རྒྱ་ནག་ཡུལ་སྐོར་བཟོ་གྲྭ་ཞིག་གི་གོ་སྒྲིག་འོག་ཡུལ་སྐོར་བ་ཁག་ཅིག་དང་ལྷན་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་བྱང་ཀོ་རི་ཡའི་རྒྱལ་ས་ཕེ་ཡོན་ཡཱང་ལ་བཏང་ཡོད་འདུག

༢༽   ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་སྐུ་ཞབས་ཝེམ་བྷར་ལགས་བྱང་ཀོ་རི་ཡའི་ཕེ་ཡོན་ཡཱང་རྒྱལ་སྤྱིའི་གནམ་ཐང་ནས་ཕྱིར་ཨ་རིར་ལོག་རྩིས་བྱེད་སྐབས་བྱང་ཀོ་རི་ཡའི་གཞུང་གིས་འཛིན་བཟུང་བྱས་ཤིང་། ཟླ་དེའི་ཟླ་མཇུག་ལ་བྱང་ཀོ་རི་ཡའི་གཞུང་གིས་ཝེམ་བྷར་གྱིས་རྒྱལ་ཁབ་ལ་གནོད་པའི་ནག་ཉེས་བསགས་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་ཁྱབ་བསྒྲགས་བྱས།

༣༽   ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༦ ཉིན་ཝེམ་བྷར་ལགས་སུ་ཕེ་ཡོན་ཡཱང་ཁྲིམས་ཁང་གིས་ཆབ་སྲིད་ཁྱབ་བསྒྲགས་ཀྱི་སྦྱར་བྱང་ཞིག་བརྐུས་བའི་ཉེས་མིང་འོག་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐུ་ཞབས་ཝེམ་བྷར་ལགས་འཛིན་བཟུང་བྱས་ཏེ་ཡུན་རིང་མ་འགོར་བར་དྲན་པ་ཉམ་པའི་ནད་གཞི་དེ་ཕོག་ཡོད་འདུག

༤༽   ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༤ ཉིན་བྱང་ཀོ་རེ་ཡའི་གཞུང་གིས་ཨ་རིའི་གཞུང་གི་མི་སྣ་དང་སྐུ་ཞབས་ཝེམ་བྷར་གྱི་ནང་མིར་སྐུ་ཞབས་ཝེམ་བྷར་གྱི་གནས་སྟངས་སྐོར་བཤད་ཡོད།

༥༽   ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ ཉིན་བྱང་ཀོ་རི་ཡས་སྐུ་ཞབས་ཝེམ་བྷར་ཀློད་གྲོལ་བཏང་སྟེ་ཨ་རིའི་གཞུང་གིས་སྨན་བཅོས་བྱས་ཡོད་ཀྱང་། སྨན་པ་ཚོས་སྐུ་ཞབས་ཝེམ་བྷར་གྱི་ཀླད་པའི་དབང་རྩ་མང་པོ་ཞིག་གི་ནུས་པ་ཉམས་ཡོད་སྐོར་བརྗོད་ཡོད།

༦༽   ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༩ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༢༠ སྟེང་། སྐུ་ཞབས་ཨོ་ཊོ་ཝེམ་བྷར་ལགས་ཨ་རིའི་སེན་སེན་ན་ཊི་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༦/༢༡

Leave a Reply

One thought on “བྱང་ཀོ་རི་ཡ་དང་ཨ་རིའི་འཐབ་འཁྲུག་བར་དུ་སློབ་ཕྲུག་ཅིག་གི་ཚེ་སྲོག་ཤོར།

  1. གཞུང་པ་ཚེ་དབང་བསོད་ནམས་

    འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོངམཁན་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ལ་འཛམ་གླིང་རྒྱལ་མང་ནས་ཁ་བརྡུང་ནན་པོ་གཏོང་དགོས་པ་མ་ཟད་གྲོགས་མེད་ཁེར་ཀྱང་དུ་བཞག་དགོས་པའི་རེ་མདུན་ཞུ་གི་ཡོད་།