བྱིས་པའི་བློ་ངོར་འཇུག་སླ་བའི་པར་རིས་ཅན་གྱི་བརྡ་དག་གི་དེབ་ཅིག་བཏོན་འདུག

དྷ་ཤོད་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་བྱིས་སྒྲུང་བསྒྱུར་རྩོམ་དེ་ཚོར་དབྱིན་ཇི་ཁོ་རང་ཚོའི་རྩོམ་གཤིས་དང་བག་ཆགས་མ་གཏོགས་ང་ཚོ་བོད་རང་གི་རིག་གཞུང་གི་རྩོམ་ཉམས་མེད་པ་དང་། བསྒྱུར་རྩོམ་དེ་ཚོས་བོད་ཀྱི་བྱིས་པ་ཚོར་ཕན་ཐོགས་དེ་ཙམ་མེད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ བའི་སྟེང་། དྷ་ཤོད་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་དུ། སྤྲུལ་སྐུ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་<<བློ་གསལ་བྱིས་པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་>>ཞེས་པའི་བྱིས་པའི་བརྡ་དག་དཔེ་དེབ་ཅིག་པར་སྐྲུན་དབུ་འབྱེད་བྱས་སོང་ལ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་དང་དྷ་ཤོད་ཁྱིམ་གྱི་སློབ་སྤྱི་བློ་བཟང་སྨོན་ལམ་ལགས་གཉིས་གཙོས་པའི་དྷ་ཤོད་དཔེ་སྟོན་སློབ་གྲྭའི་དགེ་སློབ་རྣམས་འཛོམས་འདུག

དཔེ་དེབ་དབུ་འབྱེད་སྟེང་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དང་རྩོམ་པ་པོ་སྤྲུལ་སྐུ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས། བྱིས་པའི་བརྡ་དག་དཔེ་དེབ་སྐོར་ངོ་སྤྲོད་གནང་སྐབས། ཁོ་རང་སྔོན་ཆད་བལ་ཡུལ་དུ་བོད་དགེ་བྱས་སྐབས། བོད་པའི་སློབ་ཕྲུག་ཚོར་བརྡ་དག་སློབ་འཁྲིད་བྱས་པ་དང་། སྐབས་དེར་ཁོ་རང་ལ་བྱིས་པའི་བློ་ངོར་འཚམ་པའི་བརྡ་དག་དཔེ་དེབ་དེ་འདྲ་མ་རག་པའི་དཀའ་ངལ་བྱུང་བས། ད་ལན་ཁོ་རང་གིས་བྱིས་པའི་བློ་ངོར་འཚམ་པའི་བརྡ་དག་དཔེ་དེབ་དེ་རྩོམ་སྒྲིག་བྱས་པ་དང་། དཔེ་དེབ་དེའི་ནང་བརྡ་དག་རེ་རེར་པར་རིས་དང་བྱིས་པའི་བློ་ངོར་འཚམ་པའི་ཚིག་འབྲེལ་སྟབས་བདེ་བཞག་ཡོད་སྟབས། བྱིས་པ་ཚོས་ལྟ་བདེ་པོ་ཡོད་པ་དང་མགྱོགས་པོ་སླ་བོར་གོ་བདེ་བ་ཞིག་བཟོས་ཡོད་པ་དང་། དེ་ནི་ཁོ་རང་བྱིས་པའི་དགེ་རྒན་བྱས་པའི་ཉམས་མྱོང་གཞིར་བཟུང་སྟེ་རྩོམ་སྒྲིག་བྱས་པ་དང་། དཔེ་དེབ་ནང་གི་བརྡ་ཆད་དེ་དག་ཉེ་ལམ་ཤེས་རིག་ལས་ཁུངས་ནས་བཏོན་པའི་འཛིན་རིམ་ལྔ་བའི་ཀློག་དེབ་ནང་གི་བརྡ་ཆད་ཚང་མ་ཟུར་འདོན་བྱས་ཡོད་སྐོར་སོགས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། ༢༠༡༣ ཡས་མས་ཤིག་ལ་ཤེས་རིག་ལས་ཁུངས་ངོས་ནས་བོད་ཀྱི་བྱིས་སྒྲུང་རྩོམ་པ་པོ་འདེམས་སྒྲིག་བྱས་སྐབས། ཁོ་རང་དེའི་ཁོངས་སུ་ཚུད་དེ་ཁོ་ཚོས་བྱིས་པའི་བློ་ངོར་འཚམ་པའི་སྒྲུང་དེབ་ ༤༠ ཙམ་རྩོམ་སྒྲིག་བྱས་ཡོད་པ་མི་འགྱང་བར་འཐོན་གྲབས་ཡོད་པ་དང་། ནང་ཆོས་ཕྱོགས་ནས་ཁོས་མཛད་པ་བཅུ་གཉིས་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས། བདེན་པ་བཞི་སོགས་པར་རིས་དང་མཉམ་དུ་རྩོམ་སྒྲིབ་བྱས་ཏེ། བྱིས་པ་ཚོའི་བློ་ངོར་འཚམ་པ་ཞིག་བཟོ་བཞིན་ཡོད་པ། གཞན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དོན་ཚན་བཅུ་ཡོད་པ་དེ་དག་རེ་རེར་འགྲེལ་བཤད་སྟབས་བདེ་བཟོ་བར་འབད་བརྩོན་བྱེད་ཀྱིན་ཡོད་སྐོར། ད་ལྟའི་བྱིས་སྒྲུང་བསྒྱུར་རྩོམ་དེ་དག་ལ་དབྱིན་ཇིའི་རྩོམ་གཤིས་དང་བག་ཆགས་མ་གཏོགས། བོད་རང་གི་རིག་གཞུང་གི་རྩོམ་ཉམས་མེད་པ་དང་། བསྒྱུར་རྩོམ་དེ་ཚོས་བོད་ཀྱི་བྱིས་པ་ཚོར་ཕན་ཐོགས་དེ་ཙམ་མེད་པ་དང་། བསྒྱུར་རྩོམ་ཕྱོགས་ནས་དཀའ་ངལ་ཆེས་ཤོས་དེ་སློབ་སྟོན་པ་མེད་པ་དང་། བཀའ་འདྲི་ཞུ་ས་མེད་པ། མིག་དཔེར་འཛིན་ས་མེད་པ་སོགས་ཀྱི་དཀའ་ངལ་ཡོད་སྐོར་བརྗོད་སོང་།

ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས། རྩོམ་པ་པོ་ཐུབ་བསྟན་ཆོས་འཕེལ་ལགས་ནི་ཤེས་ཡོན་སློབ་གསོའི་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་བྱིས་པའི་སློབ་གསོའི་ཐོག་འཁྲིད་ཐབས་གསར་བ་འདོན་མཁན་ཞིག་ཡིན་པ་དང་། ཤེས་རིག་ལས་ཁུངས་ངོས་ནས་བྱིས་པའི་བརྡ་དག་རྩོམ་པ་པོ་ས་པཎ་གྱིས་མཛད་པའི་བརྡ་དག་ཁག་བྱིས་པའི་ཀློག་དེབ་ནང་ཤོག་གྲངས་ཉུང་བ་དང་། བྱིས་པས་ཀློག་བདེ་བ་དང་བློ་ལ་འཛིན་སླ་བར་བཟོས་ཡོད་པ་དང་། ལྷག་པར་དུ་འཛིན་རིམ་ལྔ་བ་ཐོན་པའི་སློབ་མ་ཚོས་བློར་འཛིན་དག་ཡིག་ཁག་རྩོམ་སྒྲིག་བྱས་ཡོད་ནའང་། དགེན་ཐུབ་བསྟན་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བྱིས་པའི་བརྡ་དག་དེ་ནི་དག་ཡིག་ཚང་མའི་ནང་ནས་དམིགས་བསལ་ཞིག་ཏུ་མཐོང་སོང་བ་དང་། དེ་ནི་ཧ་ཅང་གནད་འགག་ཅིག་ཡིན་པ་དང་། དེས་སློབ་ཕྲུག་ཚོར་ཕན་ཐོགས་ཆེན་པོ་འབྱུང་ངེས་རེད། སྤྱིར་བཏང་བྱིས་པའི་དག་ཡིག་ལ་ཚིག་འགྲེལ་གནང་མཁན་ལྟ་གྲུབ་དགེ་རྒན་མང་པོ་ཡོད་ནའང་། དགེན་ཐུབ་བསྟན་ལགས་ཀྱི་རྩོམ་སྟངས་དེ་ནི། དང་པོ་ཚིག་དང་པར། དེ་ནས་འགྲེལ་བཤད་སྟབས་བདེ་བྱས་ཡོད་སྟབས། དེས་བྱིས་པའི་བློ་ངོར་འཛིན་སླ་བ་དང་གོ་བདེ་བོ་ཡོད་པ་དང་། སྤྱིར་ང་ཚོའི་སྤྱི་ཚོགས་ནང་འཛིན་རིམ་དང་པོ་ནས་ལྔ་བ་བར་གྱི་ཀློག་དེབ་མང་པོ་འགྲེམས་སྤེལ་བྱས་དང་བྱེད་བཞིན་ཡོད་པ་རེད་དེ། ད་དུང་འཛིན་རིམ་བདུན་པ་བརྒྱད་པའི་སློབ་ཕྲུག་ཚོའི་ཀློག་དེབ་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཤེས་རིག་ལས་ཁུངས་ངོས་ནས་ཀློག་དེབ་ ༡༠ བཟོས་ཡོད་པ་དང་། མ་འོངས་པར་ཀློག་དེབ་དེ་འདྲ་བཟོ་བའི་འཆར་གཞི་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ། དཔེ་སྟོན་སློབ་གྲྭའི་འཛིན་རིམ་བརྒྱད་པའི་སློབ་ཕྲུག་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཏམ་བཤད་ཅིག་སྒྲོག་སྦྱངས་བྱས་སྐབས། བརྡ་དག་དཔེ་དེབ་འདི་ང་ཚོས་ནམ་རྒྱུན་དཔེ་སྒྲོམ་ནང་མཐོང་རྒྱུ་ཡོད་པའི་བརྡ་དག་དཔེ་ཚོགས་གཞན་དང་མི་འདྲ་བའི་ཁྱེད་ཆོས་ཁ་ཤས་ཤིག་ང་ཚོའི་མིག་ལམ་དུ་འཆར་ཐུབ། དེ་ནི་དཔེ་དེབ་ནང་གི་ཐ་སྙད་མིང་ཚིག་ཁག་བཀོལ་སྤྱོད་ཁྱབ་ཆེ་ཞིང་དོན་སྙིང་ལྡན་པ། ཚིག་འགྲེལ་གོ་བདེ་ཞིང་ངག་ནས་བརྗོད་བདེ་བའི་ཁྱད་ཆོས་ལྡན་པ་མ་ཟད། ནམ་རྒྱུན་ང་ཚོ་བོད་མི་མི་རིགས་ཀྱི་ཁ་རྒྱུན་ནང་། སྐད་ཆར་གཏམ་དཔེ་མེད་ན་ཨ་ཅང་ཅང་ཡིན་ཟེར་སྲོལ་ཡོད་པ་བཞིན། དགེ་བཤེས་ལགས་ཀྱིས་ཚིག་དོན་རེ་རེ་བཞིན་རྣ་བར་སྙན་ཞིང་གསོན་ཉམས་ལྡན་པའི་བོད་ཀྱི་གཏམ་དཔེའི་གཟུགས་སུ་བཟོས་འདུག དེ་ལས་ཉམས་དགའ་བ་ཞིག་ནི། དཔྱོད་ལྡན་ན་ཆུང་སློབ་ཕྲུག་ཚོའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་ནུས་པའི་ངོ་མཚར་དཔེ་རིས་སྣ་ཚོགས་སྤྱོད་གོ་གཉིས་ཆོད་ཀྱི་ཚུལ་དུ་བཀོད་གནང་འདུག ཅེས་སོགས་བརྗོད་སོང་།

བློ་གསལ་བྱིས་པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་ཞེས་པའི་དཔེ་དེབ་འདི་ལ་ཁྱོན་ཤོག་ངོས་ ༧༨ གྱིས་གྲུབ་ཡོད་པ་དང་། རྩོམ་པ་པོའི་སྔོན་གླེང་ནང་། དེབ་ཆུང་འདིར་འཇམ་དགོན་ས་སྐྱ་པཎ་ཌི་ཏ་ཆེན་པོའི་དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའམ་བྱིས་པའི་དག་ཡིག་ཅེས་བྱ་བ་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་འཛིན་རིམ་ལྔ་བའི་སློབ་དེབ་ཏུ་བཀོད་པ་དེ་ཉིད་དཔེ་རིས་དང་སྦྲགས་གོ་རིམ་མཐར་ཆགས་སུ་བཀོད་ཅིང་། ལས་དང་པོ་བ་རྣམས་ཀྱི་བློ་ཁ་དང་འཚམ་པའི་འགྲེལ་བཤད་དཔེར་བརྗོད་དང་སྦྲགས་པར་རེ་དང་། སྲོལ་རྒྱུན་ལ་གྲགས་པའི་གཏམ་དཔེ་རེ་ཡང་ཟུར་རྒྱུན་གྱི་ཚུལ་དུ་བཀོད་དེ། རང་རིགས་གཞོན་ནུ་རྣམས་ལ་དེང་དུས་དང་མཐུན་པར་ལས་སླ་བོའི་སྒོ་ནས་ཡི་གེའི་དག་སྡེབ་བློ་ལ་ཇི་བཞིན་ངེས་པར་འགྱུར་བའི་ཁྱད་ཆོས་གང་ཐོན་བྱས་ཡོད། ཅེས་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༢༡

Leave a Reply

One thought on “བྱིས་པའི་བློ་ངོར་འཇུག་སླ་བའི་པར་རིས་ཅན་གྱི་བརྡ་དག་གི་དེབ་ཅིག་བཏོན་འདུག

  1. སྤྲུལ་སྐུ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་གོ་བདེ་ལམ་ནས་བྱིས་པའི་བརྡ་དག་དཔེ་དེབ་ཅིག་རྩོམ་སྒྲིག་བྱས་ཐུབ་པ་དེར་རྗེས་སུ་ཡི་རེངས་དང་། དཔེ་དེབ་དེ་བརྒྱུད་ནས་བོད་མིའི་སོན་རྩ་རྣམས་ཀྱི་བོད་ཡིག་གི་ཤེས་ཚད་སྔར་ལྷག་ཡར་རྒྱས་ཡོང་བར་སྨོན་འདུན་ཞུ་རྒྱུ་ཡིན། ད་ལམ་སྐུ་མགྲོན་གཙོ་བོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་གསལ་པོ་བྱས་ཏེ་མཐོང་བྱུང་། ཁོང་ལ་མིང་སྟོང་པ་ཞིག་ཡོད་པ་མ་གཏོགས་འཛིན་རིམ་ལྔ་བ་ཙམ་གྱི་ཤེས་ཚད་མེད་པའི་ཁར། གཡོ་སྒྱུ་སྣ་ཚོགས་བཀོལ་ཏེ་སྔར་གྱི་བྱས་རྗེས་ཅན་གྱི་ཤེས་རིག་ལས་བྱེད་ཟུར་བ་ཚོའི་དཀའ་ལས་བརྒྱབ་པའི་གྲུབ་འབྲས་དེ་ཚོ་ཁོང་ཚོ་བཞུགས་མེད་པའི་སྐབས་དང་བསྟུན་ནས་ཁོ་བ་རང་ཉིད་ཀྱིས་བྱས་རབས་དང་འཇོན་རབས་བརྗོད་དེ་གཞན་གྱི་རྣམ་དཔྱོད་ཀྱི་གྲུབ་འབྲས་དེ་དག་ལ་ལྐོག་ནས་ཁེ་ཕན་ལེན་གྱི་ཡོད། དེས་ཀྱང་མ་ཟད་ཁོང་གི་ལས་རོགས་དང་འོག་གི་རྩོམ་སྒྲིག་པ་ལེགས་གྲས་མང་པོ་ཞིག་ཡོད་པ་ཁོ་བོའི་གཡོ་སྒྱུའི་ངན་གཤིས་ལ་བརྟེན་ནས་རྩ་དགོངས་ཞུས་པ་དང་། ད་ལྟ་ཡོད་པ་ཚོས་ཀྱང་ཉིན་རེ་དང་ལོ་རེ་བྱས་ཏེ་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་ཚོ་ཁོ་བོས་སྒང་གི་འགོ་ཁྲིད་དེ་ཚོར་སྤྲེལ་ལད་འཁྲབ་བྱེད་དང་སྤྱི་ཚོགས་ནང་རང་ཉིད་ཀྱི་སྣང་བརྙན་བསྐྲུན་བྱེད་ལ་བེད་སྤྱོད་གཏོང་གི་ཡོད། བོད་ཀྱི་ཁ་དཔེར། རྟ་རྒན་ཚོའི་དྲིན་ལ་བོང་རྒན་དབུས་ལ་ཕྱིན་པའི་དྲིན་ཚོར་གྱི་མེད་པའི་སྐད་ཆ་གོ་རྒྱུ་འདུག