ཡིད་སྐྱོ་བའི་ཤི་རི་ལང་ཀའི་བྱིས་པའི་གཉེན་སྒྲིག་ཁྲིམས་སྲོལ།

ཁྲིམས་ལུགས་གཏན་འབེབས་ལྟར་ན། ཤི་རི་ལང་ཀའི་གཉེན་སྒྲིག་ལོ་ཚད་ ༡༨ ཟིན་རྗེས་ཡིན་མོད། འོན་ཀྱང་ལམ་ལུགས་རྙིང་པའི་འོག་ནས་ཡུལ་དེའི་ཁ་ཆེ་བུ་མོ་ཚོ་ལོ་ཚད་མ་རན་གོང་ནས་གཉེན་སྒྲིག་ཏུ་འཇུག་གི་ཡོད་པ་དང་། ད་ཆར་ལམ་ལུགས་རྙིང་པ་དེ་སྔར་ལས་དར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

བྷེ་བྷེ་སིའི་གསར་འགོད་པ་སེན་ཧ་ལ་ས་རོ་ཇི་ཕ་ཐི་ར་ན་(Sinhala’s Saroj Pathirana)ལགས་ཀྱིས་ཡུལ་དེའི་བཙན་ཤེད་དང་འདོད་མོས་མེད་པར་གཉེན་སྒྲིག་བྱས་པའི་བུ་མོ་ཞིག་དང་ཁ་བརྡ་བྱས།

ཁོ་མོའི་མིང་ལ་ཤཱ་ཧྥ་(Shafa)དང་ད་ལྟ་རང་ལོ་ ༡༥ ལ་སོན་ཡོད། ཁོ་མོ་ཆུང་དུས་འདོད་མོས་མེད་བཞིན་དུ་བཙན་གྱིས་གཉེན་སྒྲིག་བྱེད་དུ་བཅུག་ཡོད་པ་དང་། ཁོ་མོས་མིག་ཆུ་གཏོང་བཞིན་གསར་འགོད་པར་ “ང་སློབ་གྲྭའི་ནང་དུ་ཡོད་སྐབས་བུ་ཞིག་ལ་སེམས་པ་ཤོར་སོང་།” “ངའི་ཕ་མ་གཉིས་ཁོ་ལ་འདོད་པ་གཏན་ནས་མེད་སྟབས། ཁོ་ཚོས་ང་ཨ་ཞང་ཡོད་སའི་ས་ཐག་རིང་པོ་ཞིག་ཏུ་བསྐྱལ་སོང་། ངས་དེ་རུ་སློབ་སྦྱོང་བྱེད་སྐབས་རྒྱུན་པར་མི་ཞིག་ཡོང་ནས་ཨ་ཞང་དང་ཨ་ནེ་གཉིས་ལ་ང་ཁོ་རང་ལ་གཉེན་སྒྲིག་བྱེད་དགོས་སྐོར་བཤད་སོང་།” ཅེས་བརྗོད་སོང་། དོན་ངོས་ཐོག་ཤཱ་ཧྥ་རང་ཉིད་དགའ་སའི་བུ་དེ་དང་གཉེན་སྒྲིག་བྱ་འདོད་ཡོད་སྟབས། ཨ་ཞང་ཨ་ནེ་གཉིས་ཀྱི་ངོ་ཤེས་དེར་གཉེན་སྒྲིག་དང་ལེན་བྱས་མེད།

ཤཱ་ཧྥ་ནི་སེ་རི་ལཱན་ཁཱའི་གྲོང་གསེབ་ཀྱི་ཁ་ཆེའི་ཁྱིམ་ཚང་ཞིག་ནས་ཡོང་བ་དང་། ཁོ་མོ་གཞི་རིམ་སློབ་སྦྱོང་ཐོན་རྗེས་ཨ་ཞང་དང་ཨ་ནེ་གཉིས་ཀྱིས་འདོད་མོས་མེད་བཞིན་དུ་བཙན་ཤེད་ཀྱིས་ཁོ་གཉིས་ཀྱི་གྲོགས་པོ་ཞིག་དང་གཉེན་སྒྲིག་བྱེད་བཅུག་ཡོད། ཁོ་མོས་མི་དེ་དང་གཉེན་སྒྲིག་བྱ་འདོད་མེད་སྐོར་བརྗོད་སྐབས་ཨ་ཞང་དང་ཨ་ནེ་གཉིས་ཀྱིས་ཁོ་མོར་བཅར་རྡུང་གཏོང་གི་ཡོད་པ་དང་། མཐའ་ན་ཁ་ལ་ཉན་པོ་མ་བྱས་ཚེ་ཁོ་རང་གཉིས་ཀྱི་རང་སྲོག་གཅོད་ཀྱི་ཡིན་ཚུལ་སོགས་བརྗོད་དེ། འཇིགས་སྐུལ་དང་གནོན་ཤུགས་སྣ་ཚོགས་སྤྲོད་ཀྱི་ཡོད་འདུག

ཁོ་མོས་ “སྐབས་དེར་ངས་ཐབས་ཤེས་གཞན་མ་རྙེད་པར་རང་གི་ལག་རྩ་གཉིས་བཅད་པ་དང་། སྨན་རིགས་འདྲ་མིན་ཟོས་ཏེ་རང་སྲོག་གཅོད་ཐབས་ཀྱང་བྱས་པ་ཡིན།” ཞེས་དང་། “ཁོ་ཚོས་ང་ལ་སྨན་བཅོས་བྱེད་སྐབས་སྒེར་གྱི་སྨན་ཁང་དུ་ཁྲིད་ནས་སྨན་པར་ལྐོག་རྔན་སྤྲད་དེ་གཞན་ལ་ཤེས་སུ་མ་བཅུག་པ་དང་། དེ་ནས་ཉིན་ཤས་རྗེས་སུ་ཁོ་ཚོས་ང་བཙན་གྱིས་མི་དེ་དང་གཉེན་སྒྲིག་བྱེད་དུ་བཅུག་སོང་།” ཞེས་བརྗོད་བྱུང་།

སྐབས་དེར་ཤཱ་ཧྥ་ཡིས་བྲོས་བྱོལ་སོགས་ཀྱི་ལམ་ཁ་གཞན་གང་ཡང་མེད་པར་མཐོང་སྟེ། བཙན་གྱིས་བསྒྲིགས་པའི་ཁྱོ་ག་དེ་དང་མཉམ་དུ་འདུག་རྒྱུའི་སེམས་ཐག་བཅད། ཡིན་ན་ཡང་ཁྱོ་ག་དེས་ཁོ་མོ་ད་དུང་སྔོན་ཆད་ཀྱི་དགའ་ས་དེར་འབྲེལ་བ་ཡོད་པར་དོགས་པ་ཟ་བཞིན་ཡོད་འདུག དེའི་སྐོར་མོས་བརྗོད་དོན་ “ཁོས་ནམ་རྒྱུན་ང་ལ་བཅར་རྡུང་བྱེད་པ་དང་། ང་ལ་མངལ་ཆགས་ཡོད་པར་བཤད་སྐབས་ཁོས་ང་ཡར་བཀྱག་ནས་ས་ལ་བརྡབ་པ་སོགས་བྱས་སོང་།” ཞེས་དང་། “ཉིན་ཞིག་ཁོས་ང་ལ་ཁྱོད་རང་མཚན་གཅིག་ལས་མི་དགོས་ཞེས་བཤད་སོང་། མ་གཞི་ང་ནི་ཁོ་ལ་ནམ་རྒྱུན་ཡོད་ཡོད་པ་ཞིག་ཡིན་ན་ཡང་ཡུན་རིང་ལ་དགོས་ཀྱི་ཡོད་མི་འདུག” ཅེས་བརྗོད་སོང་། དེའི་རྗེས་ཁོ་མོ་ཁྱིམ་ནས་ཕྱིར་འཕུད་ཡོད་འདུག

ཁོ་མོ་སྨན་ཁང་དུ་འབྱོར་སྐབས་བྱིས་པ་མངལ་ནང་འཕྲོ་བརླག་ཏུ་ཕྱིན་ཡོད་པ་དང་། དེ་ནི་ཁྱོ་ག་དེས་བཅར་རྡུང་དང་དྲག་སྤྱོད་ཚད་མེད་བྱས་པའི་མཇུག་འབྲས་ཡིན་པ་གཞི་ནས་ཚོར་ཡོད། ཁོ་མོ་ཐེངས་ཁ་ཤས་ལ་ཉེན་རྟོག་ཁང་དུ་སོང་ནས་ཁོ་མོའི་གནས་ཚུལ་ཞུ་གཏུག་བྱས་ཀྱང་། ཉེན་རྟོག་པ་ཚོས་དོ་སྣང་དང་བདག་སྤྲོད་བྱས་མི་འདུག

ཉིན་ཞིག་ཁོ་མོར་མོ་སི་ཁུས་(mosque)ནས་གྲོང་གསེབ་ལ་ཁ་པར་ཞིག་འབྱོར་ཏེ། སྔར་གྱི་ཁྱོ་ག་གདུག་རྩུབ་ཅན་དེས་བསྐྱར་དུ་གཉེན་སྒྲིག་བྱེད་འདོད་ཡོད་སྐོར་བརྗོད་ཡོད་ཀྱང་ཁོ་མོས་དང་ལེན་བྱས་མི་འདུག

ཉིན་ཤས་རྗེས་ནས་བཟུང་ཁོ་མོར་ཁ་པར་དང་འཕྲིན་ཐུང་སྣ་ཚོགས་འབྱོར་མགོ་ཚུགས་ཡོད་ཅིང་། དེ་དག་གིས་མོ་ལ་མཉམ་དུ་ཉལ་ན་གླ་ཆ་ག་ཚོད་ཡིན་པ་འདྲི་བ་སོགས་ཀྱི་སྐད་ཆ་བཙོག་པོ་རྐྱང་རྐྱང་བཤད་ཡོད་པ་དང་། ཁ་ཤས་ཀྱིས་ཁོ་མོར་འཇིགས་སྐུལ་བྱས་ཏེ་ “ཁ་པར་ཨང་གྲངས་འདི་ཁྱེད་ཀྱི་ཁྱོ་གས་ང་ལ་བཏང་བ་ཡིན།” ཟེར་བ་སོགས་བཤད་སྟབས། ཤཱ་ཧྥ་ཡིས་རང་གི་ཁྱོ་གས་མོའི་པར་དང་ཁ་པར་ཨང་གྲངས་སོགས་སྤྱི་ཚོགས་དྲ་ལམ་དུ་བཀྲམས་པ་གཞི་ནས་ཤེས་རྟོགས་བྱུང་ཡོད་འདུག

“ངས་ཁ་པར་ནང་འཕྲིན་ཐུང་འབྱོར་བ་ཚང་མ་ད་དུང་ཉར་ཡོད”ཅེས་ཤཱ་ཧྥ་ཡིས་བརྗོད་སོང་། སྐབས་དེར་ཁོ་མོ་ངུ་ཤུགས་ཆེ་རུ་ཕྱིན་ཡང་ཁོ་མོའི་དངོས་བྱུང་གཏམ་རྒྱུད་དག་ཤུགས་བརྒྱབ་ནས་བཤད་ཐུབ་བྱས་སོང་།

ཤཱ་ཧྥ་ཡི་ཨ་ཕས་བུ་མོར་དོན་དག་ཅི་ཞིག་འབྱུང་གི་ཡོད་པར་ཐེ་གཏོགས་བྱེད་ཀྱི་མེད་ལ་བྱེད་འདོད་ཀྱང་མེད། ཡིན་ན་ཡང་ཁོ་མོའི་ཨ་མས་ཤཱ་ཧྥ་སྤྱི་ཚོགས་བདེ་དོན་ལྟེ་གནས་སུ་ཁྲིད་དེ་ཁོ་མོའི་སེམས་ཁམས་གསོ་བར་རོགས་པ་བྱེད་མཁན་ཞིག་དང་། བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་བཅུག་པར་ཁྲིམས་རྩོད་རོགས་པ་བྱེད་མཁན་ཞིག་འཚོལ་ཐབས་བྱས་ཡོད་མོད། ཁོ་ཚོ་ལྟེ་གནས་ཁང་དེར་གསང་བའི་ངང་ནས་འགྲོ་དགོས་བྱུང་འདུག གང་ཡིན་ཟེར་ན། ཤི་རི་ལང་ཀའི་ནང་བུ་མོ་ཚོར་སེམས་ཁམས་རོགས་སྐྱོར་བྱེད་པ་ནི་སྲོལ་རྒྱུན་དང་འགལ་བ་ཞིག་ཡིན་འདུག

ཤཱ་ཧྥ་ཡི་ཨ་མས་གྲོང་སྡེ་ནང་ངལ་སྩོལ་བྱས་ཏེ་མོ་རང་གི་བྱིས་པ་ལྔའི་འཚོ་བརྟེན་ཐག་གཅོད་བྱེད་ཀྱི་ཡོད་ན་ཡང་། ༡༩༩༠ ལོར་ཏ་མེལ་ཊེ་གྷུར་(Tamil Tiger)ཁ་བྲལ་བའི་གྱེན་ལངས་ལ་བརྟེན་ཏེ་ཁོང་མོ་རང་གི་གྲོང་སྡེ་ལས་འཐོན་དགོས་བྱུང་ཡོད། ཁོ་མོས་ “གནད་དོན་ཞིག་གི་རྐྱེན་གྱིས་ངས་བུ་མོ་སྤུན་མཆེད་ཀྱི་སར་བསྐྱལ་དགོས་བྱུང་མོད། གནད་དོན་འདི་འདྲ་ཞིག་བྱུང་གི་རེད་རྩ་བ་ནས་མ་དྲན།” ཞེས་བརྗོད་སོང་།

ད་དུང་ཁོ་མོས་བུ་མོ་བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་འཇུག་པ་དེར་དགག་པ་བརྒྱབ་ཀྱང་སྤུན་མཆེད་ཀྱིས་མོའི་ཁ་ལ་ཉན་མ་སོང་ཟེར། ཨ་མས་བརྗོད་དོན། “དེ་ནི་བཙན་ཤེད་ཀྱི་གཉེན་སྒྲིག་ཅིག་ཡིན་སྟབས། ད་ལྟ་བུ་མོའི་བདེ་འཇགས་དང་སློབ་སྦྱོང་སོགས་ལ་སེམས་འཚབ་ཡོང་གི་འདུག གང་ཡིན་ཟེར་ན། མོའི་ཁྱོ་གས་མོའི་སྐོར་ནས་རྫུན་གཏམ་མང་པོ་གང་སར་སྤེལ་བཞིན་འདུག ཁོ་མོ་ད་དུང་འཛིན་གྲྭར་འགྲོ་མི་ཐུབ་པ་ཟད། མཐའ་ན་འགྲུལ་སྐྱེལ་རླངས་འཁོར་ནང་དུའང་འགྲུལ་བཞུད་བྱེད་ཐུབ་ཀྱི་མི་འདུག་སྟབས། ཁོ་མོའི་མ་འོངས་པར་ངེས་གཏན་མེད་པ་ཞིག་རེད།” ཅེས་བརྗོད་སོང་།

ཤི་རི་ལང་ཀའི་ནང་ལོ་རེར་ཤཱ་ཧྥ་ལྟ་བུའི་ཁ་ཆེའི་གྲངས་ཉུང་མི་རིགས་ཚོས་བུ་མོ་བརྒྱ་སྐོར་མང་ཕ་མ་དང་གཉེན་ཉེ་ཚོས་བཙན་ཤེད་ཀྱིས་གཞན་ལ་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཨེར་མཱ་རྫཱ་ཊེ་གྷལ་(Ermiza Tegal)གྱིས་བཤད་ན། ཤི་རི་ལང་ཀའི་བྱང་ཕྱོགས་མངའ་སྡེའི་ནང་ཁ་ཆེ་བ་ཚོའི་བུ་མོ་ཆུང་ཆུང་གི་གཉེན་སྒྲིག་གི་ཚད་གཞི་དེ་ལོ་གཅིག་གི་ནང་བརྒྱ་ཆ་ ༡༤ ནས་ ༢༠ ལྷག་ལ་འཕར་ཡོད་པ་དང་། འདི་ནི་རྙིང་ཞེན་པ་ཚོ་ཇེ་རྒྱས་སུ་འགྲོ་བཞིན་པའི་རྟགས་མཚན་ཞིག་རེད་ཅེས་བརྗོད་སོང་།

ཤཱ་ཧྥ་བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་སྐབས་ལོ་ ༡༥ ཡིན་ཡང་། མ་གཞི་ནས་ཁ་ཆེའི་བུ་མོ་མང་པོ་ཞིག་ལོ་ ༡༢ ལ་བསླེབས་མ་ཐག་འདོད་པ་ཡོད་མེད་གང་ལྟར་ཡང་གཉེན་སྒྲིག་བྱེད་དགོས་འབྱུང་གི་ཡོད་པ་རེད།

ཤི་རི་ལང་ཀའི་ཁྲིམས་ལུགས་ལྟར་ན། ལོ་ཚད་མ་ལོན་པར་གཉེན་སྒྲིག་བྱེད་ཆོག་གི་མེད་ལ། ཁྲིམས་མཐུན་གཉེན་སྒྲིག་གི་ལོ་ཚད་ལོ་ ༡༨ ཡིན་ཡང་། ལོ་ངོ་ཁ་ཤས་ཤིག་ནས་ཁ་ཆེའི་ཚོགས་སྡེའི་མགོ་ཁྲིད་ཚོས་ཁ་ཆེའི་ཁྲིམས་གཞི་རྙིང་པ་(ཁ་ཆེའི་གཉེན་སྒྲིག་དང་བཟའ་འཐོར་)( MMDA)ཞེས་པའི་ཁྲིམས་དེ་སྤྱི་ཚོགས་ནང་ལག་བསྟར་བྱེད་བཅུག་ཡོད་འདུག ཁོ་ཚོ་མང་ཆེ་བ་ཞིག་སྐྱེས་བ་ཡིན་ཡང་ཁོ་ཚོས་བུད་མེད་ཀྱི་གཉེན་སྒྲིག་ལོ་ཚད་ཐག་གཅོད་བྱེད་བཞིན་ཡོད་འདུག

ཁོ་ཚོར་ལོ་ཚད་ཆུང་དྲགས་པའི་ཚད་གཞི་མེད་ལ། ད་དུང་ཁ་ཆེའི་ཆོས་དཔོན་ཚོས་བུ་མོ་ལོ་ ༡༢ མ་ཟིན་པ་དག་ལའང་གཉེན་སྒྲིག་གི་ཆོག་མཆན་སྤྲོད་ཀྱི་ཡོད་འདུག ཁོ་རང་ཚོའི་བུ་མོ་ཚོ་དང་ཨ་མ་ཚོས་ཁུ་སིམ་མེར་བཙན་ཤེད་གཉེན་སྒྲིག་གི་སྡུག་བསྔལ་ལོ་ངོ་མང་པོ་ཞིག་རིང་མྱངས་ཡོད་ལ། ད་ལྟ་ཕྱོགས་ཡོངས་ནས་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་མཁན་ཚོས་ཁ་ཆེའི་ཁྲིམས་( MMDA)ཞེས་པར་བཅོས་བསྒྱུར་གཏོང་དགོས་པའི་དགོས་འདུན་འདོན་གྱི་ཡོད་ཀྱང་། ཁ་ཆེ་ཆོས་དཔོན་ཚོ་དང་མུལླཱ་(mullah)སོགས་ཀྱིས་དེ་ལ་ངོ་རྒོལ་དང་འཇིགས་སྐུལ་བྱེད་ཀྱིན་ཡོད།

ཤི་རི་ལང་ཀའི་གཞུང་གིས་གཉེན་སྒྲིག་ཁྲིམས་སྲོལ་དེར་བཅོས་སྒྱུར་གཏོང་འདོད་ཡོད་ལ། ཐོབ་ཐང་འཐབ་རྩོད་པ་ཚོས་ཀྱང་གནད་དོན་དེར་ཡ་ལན་སྤྲོད་པའི་དུས་ཚོད་ཏག་ཏག་བསླེབས་ཡོད་སྐོར་བཤད་ཀྱི་ཡོད། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་གྲོས་ཚོགས་སོགས་ཀྱིས་ཤི་རི་ལང་ཀ་གཞུང་ལ་(MMDA)གཉེན་སྒྲིག་ཁྲིམས་སྲོལ་ལ་བཅོས་སྒྱུར་གཏོང་དགོས་པའི་ཉེན་བརྡ་བཏང་ཡོད། འོན་ཀྱང་། ལུགས་སྲོལ་རྙིང་པ་དེར་བཅོས་སྒྱུར་གཏོང་ཐུབ་པར་རེ་བ་ཆེན་པོ་མེད། སྲིད་གཞུང་གིས་ལོ་གྲངས་གོང་ནས་བཅོས་སྒྱུར་གཏོང་བར་འབད་བརྩོན་བྱས་ཀྱང་། སྤྱི་ཚོགས་ནང་རང་བཞིན་གྱིས་ལམ་སྲོལ་རྙིང་པ་དེ་དར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཁ་ཆེའི་ཚོགས་པ་(Jamiyathul Ulama)སོགས་ཀྱིས་ཀྱང་ཁྲིམས་སྲོལ་རྙིང་པར་བཅོས་སྒྱུར་གཏོང་བར་ངོ་རྒོལ་བྱེད་ཀྱིན་ཡོད།

ད་ལྟ་ཤཱ་ཧྥ་དང་མོའི་ཨ་མ་གཉིས་ལྟེ་གནས་ཁང་དུ་བཅར་བ་དེས་ཁ་ཆེའི་བུ་མོ་སུམ་སྟོང་ལྷག་ལ་ཕན་ཐོགས་བྱུང་ཡོད་པ་དང་། དེ་དག་ལས་བུ་མོ་ ༢༥༠ ལྷག་ཅིག་བཙན་ཤེད་གཉེན་སྒྲིག་གི་གནད་དོན་བྱུང་ཡོད།

བུད་མེད་ཐོབ་ཐང་འཐབ་རྩོད་པ་(Shreen Abdul Saroor)ལགས་ནི་བུད་མེད་ལས་འགུལ་འབྲེལ་མཐུད་ཁང་གི་མི་སྣ་ཡིན་ཞིང་། ཁོ་མོ་ནི་ཁ་ཆེའི་བུད་མེད་ཐོབ་ཐང་འཐབ་རྩོད་པ་ཚོའི་ཁྲོད་ཀྱི་སྙིང་སྟོབས་དང་བློས་གཏོང་ཆེ་ཤོས་ཀྱི་བུད་མེད་ཅིག་ཡིན། ཁོ་མོས་ “ང་ལ་དོན་རྐྱེན་ཞིག་བྱུང་མི་ཡོང་ངམ་སྙམ་ཏེ་ཁྱིམ་དང་རྒྱང་ཐག་རིང་བོར་སྡོད་ཀྱི་ཡོད་ལ། མཚམས་རེར་ལས་ཁུངས་སོགས་ནས་ཀྱང་བསྡད་པ་ཡིན། ད་ལྟའི་ཆར་མཐའ་ན་ང་བྱིས་པ་སློབ་གྲྭར་བསྐྱལ་རྒྱུར་ཡང་སྐྲག་གི་འདུག” ཅེས་བརྗོད་སོང་། ད་དུང་ཁོ་མོས “ཤི་རི་ལང་ཀས་གཉེན་སྒྲིག་ལོ་ཚོད་དེ་མི་རིགས་དང་ཆོས་ལུགས་སོགས་ཀྱི་རྒྱབ་ལྗོངས་ལ་མ་ལྟོས་པར། ཁྲིམས་མཐུན་ལོ་ཚད་ ༡༨ ངེས་པར་དུ་ཡིན་དགོས་པ་དང་། ལོ་ཚད་མ་ལོན་པའི་བྱིས་པར་གཉེན་སྒྲིག་བྱེད་པ་ནི་ཁྲིམས་ལྟར་ན་བཙན་གཡེམ་ཆགས་ཀྱི་ཡོད་པ་རེད།” ཅེས་བརྗོད་སོང་།

ཁོ་མོས་ད་དུང་ “བྱིས་པ་དག་ལ་གཉེན་སྒྲིག་བྱེད་བཅུག་པ་དེས་བྱིས་པ་ཙམ་མ་ཟད། སྤྱི་ཚོགས་ཧྲིལ་བོར་གནོད་སྐྱོན་དང་རྗེས་ལུས་ཐེབས་ཀྱི་ཡོད་པ་རེད” ཅེས་དང་ཡང་ “ངས་ཁ་ཆེའི་ཆོས་དཔོན་ཚོ་དང་ཁ་ཆེའི་སྤྱི་ཚོགས་ལ་བཤད་འདོད་པའི་སླད་ཆ་དེ་བྱིས་པ་ཚོའི་བྱིས་པའི་དུས་སྐབས་ལ་གཏོར་བཤིག་མ་གཏོང་རོགས།”ཞེས་སོགས་བརྗོད་སོང་།

ཤཱ་ཧྤ་ཡིས་ད་ལྟ་ཁོ་མོའི་སློབ་སྦྱོང་མུ་མཐུད་འདོད་ཡོད་པ་དང་། ཁོ་མོ་ནི་ནམ་རྒྱུན་བློ་རིག་བཀྲ་ཞིང་ཧུར་བརྩོན་ཆེ་བ་དང་། ཁོ་མོའི་ནང་མི་ཚོས་མོ་ལ་མ་འོངས་པར་ལས་ཀ་ཡག་པོ་ཞིག་རག་རྒྱུར་རེ་བ་བྱེད་བཞིན་ཡོད་ཀྱང་། ཁོ་མོར་ད་དུང་ཕྱོགས་ཡོངས་ནས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་འདུག ཁོ་མོས་ “ང་ཟུར་ཁྲིད་འཛིན་གྲྭར་འགྲོ་སྐབས་བུ་ཚོས་ང་ལ་རྟག་པར་སྐད་ཆ་གང་བྱུང་བཤད་ཀྱི་འདུག དེ་ནི་དངོས་ནས་མི་བཟོད་པའི་བརྙས་བཅོས་ཤིག་ཡིན་ཡང་ང་སེམས་སྐྱོ་ནས་སྡོད་པ་ལས་ཐབས་ཤེས་གང་ཡང་མི་འདུག”ཅེས་བརྗོད་སོང་།

ད་ལྟ་ཁོ་མོ་ཁྲིམས་རྩོད་པ་ཞིག་བྱེད་འདོད་ཡོད་པ་དང་། གསར་འགོད་པས་ཁོ་མོར་ཁྱེད་ཀྱིས་ཁྲིམས་རྩོད་པ་བྱས་ཏེ་གཞན་ལ་རོགས་བྱེད་འདོད་པ་ཡིན་ནམ་ཞེས་དྲིས་པར། ཁོ་མོས་ “ཡིན”ཞེས་ལན་བརྒྱབ་སོང་།

ཤཱ་ཧྥ་ཡི་དངོས་མིང་དེ་མི་སྒེར་གྱི་བདེ་འཇགས་ཆེད་དུ་སྒྱུར་དགོས་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༦/༢༡

Leave a Reply