བོད་པའི་བྱིས་པ་ཚོར་འགུལ་བརྙན་གཉིས་རྔན་པར་གནང་།

ཤེས་རིག་ལས་ཁུངས་ནས་བོད་ཕྲུག་ཚོའི་བོད་སྐད་ཡིག་ཡར་རྒྱས་གོང་འཕེལ་དང་འགུལ་བརྙན་བཟོ་སྒྱུར་གྱི་ཆེད་ལས་མི་སྣ་སྐྱེད་སྲིང་ཆེད་འགུལ་བརྙན་བཟོ་སྒྲིག་དང་ཕབ་སྒྱུར་གྱི་ལས་འཆར་གསར་པ་ཞིག་མགོ་བརྩམས་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པ་ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཟོ་སྒྱུར་གནང་བའི་བྱིས་པའི་འགུལ་རིས་གློག་བརྙན་༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽དང་། ༼སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ༽ཞེས་པ་གཉིས་ཤེས་རིག་བཀའ་བློན་དངོས་འགྲུབ་ཚེ་རིང་མཆོག་ནས་དབུ་འབྱེད་གནང་བ་དང་སྦྲགས་གཟིགས་འབུལ་གནང་སོང་བ་དང་། འགུལ་བརྙན་དབུ་འབྱེད་ཐོག་ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་ཀརྨ་སེང་གེ་ལགས། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་དང་འབྲེལ་ཡོད་ལས་བྱེད། བོད་ཀྱི་སྒྲ་སྒྱུར་ཁང་དང་འཇམ་དཔལ་འགུལ་བརྙན་ཁང་གི་འགན་འཛིན་རྣམ་གཉིས་དང་ལས་རོགས། དེ་བཞིན་དཔེ་སྟོན་སློབ་གྲྭའི་འཛིན་རིམ་གསུམ་པའི་དགེ་སློབ་རྣམ་པ་བཅས་འཛོམས་འདུག

ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ནས་འགུལ་བརྙན་བཟོ་སྐྲུན་གྱི་དགོས་དམིགས་སྐོར་ངོ་སྤྲོད་གནང་སྐབས། བོད་ཀྱི་གཞོན་ནུ་ཚོ་ལ་འགུལ་བརྙན་མེད་པའི་སྟོང་ཆ་སྐོང་ཐབས་དང་། འགུལ་བརྙན་གྱི་ལམ་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བར་རམ་འདེགས་ཡོང་ཆེད་དུ་གཙོ་བོ་དམིགས་པ་ཞིག་ཡིན་ལ། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོར་བཟུང་གིས་རྐང་འགན་འཁུར་མཁན་འཇམ་དཔལ་འགུལ་བརྙན་ཁང་དང་བོད་ཀྱི་སྒྲ་སྒྱུར་ཁང་ལ་མཉམ་འབྲེལ་གྱིས། རང་རེའི་གཞོན་སྐྱེས་འགུལ་བརྙན་ཐོག་དོ་དབྱིངས་ཡོད་པ་དང་། སློབ་སྦྱོང་གནང་བཞིན་པ་རྣམས་ཀྱི་ཆེད་ལས་ལག་རྩལ་གོང་མཐོར་གཏོང་བར་སྐུལ་འདེད་ཀྱིས་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་དམིགས་ཡུལ་གཉིས་པ་དེ་ཆགས་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས། ཤེས་རིག་ལས་ཁུངས་ནས་ཨ་ཅརྱ་ཀརྨ་སྨོན་ལམ་ལགས་ཀྱིས་གཙོ་འགན་འཁུར་ཏེ་བྱིས་པའི་འགུལ་བརྙན་གསར་བཟོ་དང་སྒྲ་ཕབ་ཀྱི་ལས་གཞི་མགོ་བརྩམས་ཟིན་པ་དང་། ཨ་ཅརྱ་ཀརྨ་སྨོན་ལམ་ལགས་ནས་འཁྲབ་གཞུང་བརྩམས་པའི་༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽ཞེས་པའི་འགུལ་བརྙན་དེ་ལ་ལེའུ་བཅུ་གཉིས་ཡོད་པ་དང་། དེའི་ནང་ནས་ལེའུ་དང་པོ་དང་གཉིས་པ་ལེགས་གྲུབ་ཟིན་པ་དང་། མ་འོངས་པར་རིམ་གྱིས་ལེའུ་གཞན་བཅུའང་བཟོ་རྒྱུ་ཡིན་པ་དང་། དེ་བཞིན་༼སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ༽ལ་ལེའུ་བཅུ་གསུམ་ཡོད་པ་དེ་ཆ་ཚང་ཕབ་བསྒྱུར་བྱས་ཟིན་པའི་ནང་ནས་ལེའུ་དང་པོ་དང་གཉིས་པ་སྒྲ་འཇུག་བྱས་ཟིན་ཡོད་སྐོར་དང་། སྤྱིར་བཏང་འགུལ་བརྙན་བཟོ་བར་སྐར་མ་གཅིག་ལ་སྒོར་འབུམ་གཅིག་ཡས་མས་འགྲོ་ཡི་ཡོད་པ་དང་། བཟོ་སྒྲིག་ལ་ཟླ་བ་དང་ཟླ་བ་འགོར་གྱི་ཡོད་པས་མི་རྒྱུ་གཉིས་ཐད་ནས་དཀའ་ངལ་ཆེན་པོ་ཡོད་ཀྱང་། མ་འོངས་པར་མུ་མཐུད་ཤེས་རིག་ལས་ཁུངས་དང་སྒེར་སོ་སོའི་ངོས་ནས་བོད་པའི་བྱིས་པ་ཚོར་གོ་སྐབས་གསར་པ་ཞིག་བསྐྲུན་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་ཤེས་རིག་བཀའ་བློན་མཆོག་ནས་འགུལ་བརྙན་དགོས་གལ་ཆེ་ཡང་བོད་པའི་སྤྱི་ཚོགས་ནང་སྟོང་ཆ་ཞིག་ལྷག་བསྡད་ཡོད་སྟབས། ཤེས་རིག་འགུལ་བརྙན་ལས་འཆར་འདི་ནི་བོད་སྐད་ཡིག་ལ་རམ་འདེགས་དང་བྱིས་པ་ཚོར་རྔན་པ་ཆུང་ཆུང་ཞིག་གནང་བ་ཡིན་སྐོར་གསུངས་དོན། བར་ལམ་ནས་བཟུང་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁང་ནང་བོད་ཡིག་བོད་སྐད་ཡར་རྒྱས་གཏོང་བར་ལས་གཞི་སྣ་མང་ཞིག་བརྩམས་ཡོད་པ་དང་། བོད་ཁྱིམ་དང་སཾ་བྷོ་ཊ། བོད་ཀྱི་དཔེ་མཛོད་ཁང་། ཤེས་རིག་རྩོམ་སྒྲིག་སྡེ་ཚན་བཅས་ནས་ད་ལྟའི་བར་ཁྱོན་བྱིས་པའི་སྒྲུང་དེབ་ ༣༠༠ ཡས་མས་ཤིག་རྩོམ་སྒྲིག་གནང་ཡོད་ཀྱང་། བྱིས་པ་ཚོས་དོ་སྣང་ཆེ་ཙམ་བསླེབས་ཏེ་བོད་ཡིག་སྒྲུང་དེབ་ཚང་མ་བཀླགས་ཚར་ཡིན། ད་གསར་པ་འཁུར་ཤོག་ལབ་ཀྱི་འདུག་ཟེར་མཁན་ཕ་མ་མང་པོ་ཡོང་གི་ཡོད་པ་དང་། འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཞིག་ལ་མཚོན་ན་དེ་ནི་དངོས་གནས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྟབས། ཤེས་རིག་ལས་ཁུངས་ནས་བྱིས་པའི་བོད་ཡིག་སྒྲུང་དེབ་རྩོམ་སྒྲིག་བྱེད་པའི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཏེ། བོད་ཡིག་གི་བྱིས་པའི་སྒྲུང་དེབ་གང་འཚམ་ཞིག་ཐོན་དང་འཐོན་ཡོང་གི་ཡོད་པ་དང་བསྟུན། འགུལ་བརྙན་དེ་བྱིས་པར་དམིགས་བསལ་གྱིས་གནད་དུ་སྨིན་པ་ཞིག་དང་བྱིས་པའི་སེམས་ཁམས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཡིན་ཡང་། བོད་པར་སྤྱིར་བཏང་གི་འགུལ་བརྙན་འགའ་རེ་མ་གཏོགས་བྱིས་པ་རང་ལ་དམིགས་པའི་འགུལ་བརྙན་མེད་པ་འདྲ་བོ་ཡིན་དུས། ཤེས་ཡོན་ལྷན་ཚོགས་ནས་དམིགས་བསལ་གྱི་འཁུར་བཞེས་ཏེ་བྱིས་པའི་འགུལ་བརྙན་བཟོ་སྒྲིག་གི་ལས་འཆར་མགོ་བརྩམས་པ་དེ་ཐོག་དང་པོ་ཆགས་ཡོད་པ་དང་། ཤེས་རིག་གི་འགུལ་བརྙན་རྣམས་ཕྱི་རྒྱལ་གྱི་འགུལ་བརྙན་དག་དང་བསྡུར་ན་ཚད་ལོངས་བ་ཞིག་མེད་ཀྱང་། འགུལ་བརྙན་བཟོ་སྒྲིག་ཐོག་གོམ་པ་ཞིག་བརྒྱབ་ཐུབ་པ་བྱུང་བ་དེ་གཟི་བརྗིད་ཆེན་པོ་ཞེ་དྲགས་ཡིན་སྐོར་གསུངས་པ་དང་འབྲེལ། གཞིས་ཆགས་ཁག་དང་ལྷག་པར་དུ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་ཕ་མ་ཚོས་སོ་སོའི་བྱིས་པར་གང་ཐུབ་ཐུབ་ཀྱིས་བོད་སྐད་བཤད་དགོས་པ་དེ་གལ་ཆེན་པོ་ཡིན་ལ། བྱིས་པ་ཚོར་༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽ཞེས་པའི་བོད་པ་རང་གིས་བཟོས་པའི་འགུལ་བརྙན་མང་ཙམ་སྟོན་རྒྱུ་དང་། མ་འོངས་པར་ཤེས་རིག་ནས་གང་ཐུབ་ཀྱིས་འགུལ་བརྙན་གང་མང་འདོན་རྒྱུ་ཡིན་ལ། འགུལ་བརྙན་བཟོ་སྒྲིག་གི་ལས་འཆར་འདི་ནི་ཤེས་རིག་ནས་བོད་སྐད་ཡིག་ལ་ཞབས་འདེགས་དང་བྱིས་པ་ཚོར་རྔན་པ་ཆུང་ཆུང་ཞིག་གནང་བ་ཡིན་སྐོར་གསུངས་སོང་།

ད་ལན་གྱི་འགུལ་བརྙན་ཁག་གཉིས་དེ་གཟིགས་འབུལ་ཞུས་རྗེས། དཔེ་སྟོན་གྱི་འཛིན་རིམ་གསུམ་པའི་བྱིས་པ་ཁག་ཅིག་ལ་ཡག་པོ་ཡོད་མེད་སྐད་ཆ་འདྲི་སྐབས། བྱིས་པ་མང་ཆེ་བས་འགུལ་བརྙན་དང་པོ་༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽ཞེས་པ་དེ་ཡག་པོ་ཡོད་པ་དང་། གཉིས་པ་༼སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ༽ཞེས་པའི་སྟོན་པའི་རྣམ་ཐར་དེའི་ནང་དོན་གོ་ཁག་པོ་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༡

Leave a Reply